ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་མཚོ་ཐོག་འཕུར་མདའི་འགོག་སྲུང་སྦྱོང་བརྡར་བྱ་འགུལ་སྤེལ། 
2023.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 502

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱིས་ཉིན་དེར་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་སྤྱི་བའི་མཚོ་ཁོངས་ནས་འཕུར་མདའི་འགོག་སྲུང་གི་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར། 

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་གསར་འགྱུར་སྨྱན་བྱད་ལ་བསྐུར་བའི་གློག་རྡུལ་འཕྲིན་ཡིག་ནང་བཤད་རྒྱུར། ཧན་གོའི་དམག་དཔུང་གི་སྐྱེ་རབས་རྒྱལ་བོ་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་དང་། ཨ་མེ་རི་ཁའི་མཚོ་དམག་གི་པཱ་ལི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས། འཇར་པན་གྱི་མཚོ་ཐོག་ཉེན་སྲུང་རུ་ཁག་གི་ཨེ་ཏང་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་བཅས་ཉིན་དེའི་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་གྱི་གཙོ་གནད་ནི་འཕུར་མདའི་དམིགས་འབེན་བརྡ་འཕྲིན་མཉམ་སྤྱོད་བྱེད་པ་དང་། ཚད་འཇལ་དང་རྗེས་འདེད། བཀག་འགོག་བཅས་ཀྱི་ལས་རིམ་བྱང་ཆ་ལྡན་པར་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་ཡིན་ཟེར། 

མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་བརྒྱུད་དེ་བདེ་སྲུང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཐག་གཅོད་མ་ལག་སྔར་ལས་སྲ་བརྟན་དུ་བཏང་ཡོད་ཟེར། 

ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ཟླ་དང་པོའི་ཟླ་མཇུག་ཏུ་ཧྲིག་ཨར་ནས་གྲོས་མོལ་བྱས་ནས། ད་ལོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆེར་གཏོང་བ་དང་དམག་དོན་སྦྱོང་བརྡར་གྱི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་ཐག་བཅད་པ་རེད། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་གཉིས་པའི་ཟླ་མགོར་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་གཏམ་བཤད་སྤེལ་ནས། ཨ་མེ་རི་ཁ་དང་ཧན་གོས་བསྟུད་དམར་དམག་དོན་སྦྱོང་བརྡར་སྤེལ་བའི་འཆར་གཞིར་རྒོལ་གཏམ་དྲག་པོ་བཏང་། ཁྲའོ་ཞན་ཕྱོགས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་སོགས་སྟོབས་ཤུགས་ཀྱི་དམག་དོན་ངོ་རྒོལ་དང་དགྲར་འཛིན་བྱ་སྤྱོད་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དེ་ཉེན་ཁའི་གནས་སུ་ལྷུང་བར་བྱས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།