བྱང་ཆིངས་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 518

བྱང་ཆིངས་རྩ་འཛུགས་ཀྱི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉིས་སྟོང་ཉེར་བཞི་ལོའི་འགྱུར་བ་མེད་པའི་སྲུང་སྐྱོབ་མཁན་ཞེས་པའི་དམག་དོན་འགུལ་སྐྱོད་དེ་ཚེས་ཉེར་བཞི་ཉིན་དངོས་སུ་སྤེལ་མགོ་བརྩམས། དམག་དོན་སྦྱོང་བརྡར་དེ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར་སྤེལ་རྒྱུ་རེད།

བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་གསར་འགྱུར་སྤྱི་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁའི་མཚོ་དམག་གི་ཀང་སི་ཏོན་ཧའོ་ཨར་རྟགས་ཅན་གྱི་སྐམ་སར་འབུད་པའི་དམག་གྲུ་ཨ་མེ་རི་ཁའི་ཧྥོ་ཅི་ནེ་ཡཱ་མངའ་སྡེའི་ནོའུ་ཧྥུའུ་ཁི་དང་བྲལ་བ་དང་། འགུལ་སྐྱོད་རབ་དང་རིམ་པ་བརྒྱུད་རྗེས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བགྲོད་མགོ་བརྩམས། ཁཱ་ནཱ་ཏཱའི་ཞཱ་ལོ་ཐི་ཏོན་རྟགས་ཅན་གྱི་དམག་གྲུ་ཟླ་འདིའི་ཟླ་མཇུག་ཏུ་ཁཱ་ནཱ་ཏཱའི་ཞིན་སི་ཁི་ཧྲི་ཞིང་ཆེན་གྱི་ཧཱ་ལེ་ཧྥ་ཁི་སི་ནས་ལམ་དུ་ཆས་ནས་ཡོ་རོབ་གླིང་དུ་བགྲོད་རྒྱུ་རེད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཐེངས་འདིའི་དམག་དོན་སྦྱོང་བརྡར་ས་གནས་མང་བོ་ནས་སྤེལ་རྒྱུ་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་འཆར་གཞི་གསར་བ་ཐོག་མར་ལག་བསྟར་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་ཆ་རྐྱེན་གང་རུང་གི་འོག་ཏུ་ཡོ་རོབ་གླིང་བྱང་མ་ནས་ཡོ་རོབ་གླིང་དབུས་ཤར་བར་དུ། དུས་ཡུན་ཟླ་ངོ་འགའ་དང་སྤྱི་ལེ་སྟོང་ཕྲག་འགའི་ཁྱབ་ཁོངས་ནང་རྙོང་འཛིང་ཆེ་བའི་ས་ཁོངས་མང་བོའི་འགུལ་སྐྱོད་སྲུང་འཛིན་བྱེད་པའི་ནུས་པ་ངོམས་རྒྱུ་རེད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཀི་ལུའུ་ཧྲི་ཁི་ཡིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སིའི་གསར་འགྱུར་འཕྲིན་གཏོང་ཁང་ལ་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་བཞི་ལོའི་འགྱུར་བ་མེད་པའི་སྲུང་སྐྱོབ་མཁན་ཞེས་པའི་དམག་དོན་འགུལ་སྐྱོད་ལས་མནའ་འབྲེལ་དེས་ལྡོག་མེད་ངང་འཆམ་འཐབ་འཆར་གཞི་ཡང་བསྐྱར་ལག་བསྟར་བྱས་པ་མཚོན་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཁཱ་བོ་ལེ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་དང་པོའི་ཟླ་སྨད་ནས་ཟླ་ལྔ་བའི་བར་ཉིས་སྟོང་ཉེར་བཞི་ལོའི་འགྱུར་བ་མེད་པའི་སྲུང་སྐྱོབ་མཁན་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་གཅིག་དང་གྲོགས་པོའི་རྒྱལ་ཁབ་སུའེ་ཏེན་གྱི་དམག་མི་ཁྲི་དགུ་ཙམ་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ལ། དེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ལོ་ངོ་བཅུ་ཕྲག་འགའི་རིང་གི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་ཐེངས་ཤིག་ཡིན། དམག་དོན་སྦྱོང་བརྡར་དེ་སྟོབས་ཤུགས་ཆེ་བའི་དགྲ་ཡ་ཞིག་གི་བར་འཁྲུག་རྩོད་བྱུང་བའི་སྣང་ཚུལ་འོག་སྤེལ་རྒྱུ་ཡིན་པ་དང་། མེ་གླིང་བྱང་མའི་དམག་དཔུང་དག་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་ནས་མངག་གཏོང་བྱས་ཏེ་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་མཉམ་ལས་ལ་ཤུགས་སྣོན་པའི་ནུས་པ་མངོན་པར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།