ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་ཉིས་སྟོང་ཉེར་བཞི་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ངོ་རྒོལ་གྱི་འབོད་སྒྲའི་ཁྲོད་སྤེལ་མགོ་བརྩམས།
2024.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་དུས་ཡུན་ཉིན་བཅུ་དགུའི་ཉིས་སྟོང་ཉེར་བཞི་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཧྥེ་ལེ་པེན་གྱི་མང་ཚོགས་མང་བོས་ཉིན་དེར་འདུ་ཚོགས་བསྡུས་ནས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས་པ་དང་། ཤེས་ལྡན་པ་རེ་འགས་བལྟས་ན་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་ཐེབས་སྲིད་པར་འདོད་ཡོད།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་པ་ལྟར་ན། དམག་དོན་མི་སྣ་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱ་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་པ་དང་། དེའི་ནང་ཧྥེ་ལེ་པེན་གྱི་མི་སྣ་སྟོང་ལྔ་དང་ཨ་མེ་རི་ཁ་ཕྱོགས་ཀྱི་མི་སྣ་ཁྲི་གཅིག་དང་སྟོང་གཅིག་ཡོད་ལ། དེ་ནི་སྔོན་ཆད་དང་བསྡུར་ན་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་ཞིག་རེད།

དེ་ལས་གཞན་དམག་དོན་སྦྱོང་བརྡར་ལ་ཞུགས་མཁན་ལ་ད་རུང་ཨོ་སི་ཁྲུ་ལི་ཡཱའི་དམག་དོན་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་དང་། ཧྥ་རན་སིའི་མཚོ་དམག་མི་སྣ་བརྒྱ་འདུས་ཡོད་ལ། འཇར་པན་གྱིས་དམག་དོན་ལྟ་ཞིབ་པ་མངག་གཏོང་བྱེད་རྒྱུ་རེད།

དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་སྣས་ས་ཁོངས་བརྒལ་བའི་རྙོག་འཛིང་གི་ལས་འགན་རབ་དང་རིམ་པ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མཚོ་ཐོག་བདེ་འཇགས་དང་བར་སྣང་དང་འཕུར་མདའི་འགོག་སྲུང་། འགུལ་རྣམ་འཕུར་མདའི་ཆམ་ཕབ། དྲ་རྒྱའི་འགོག་སྲུང་། བརྡ་འཕྲིན་འཐབ་འཁྲུག་བཅས་འདུས།

ཉིན་དེར་ཧྥེ་ལེ་པེན་གྱི་མང་ཚོགས་མི་ཉུང་བ་ཞིག་གིས་ཧྥེ་ལེ་པེན་དྲག་ཆས་དམག་དཔུང་སྤྱི་ཁྱབ་པུའུ་ཡི་ཕྱི་རོལ་ནས་འདུ་ཚོགས་བསྡུས་ཏེ་ངོ་རྒོལ་བྱས་པ་དང་། ཁ་གཡང་མཐོན་པོར་བསྒྲགས་ནས་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས་ཏེ་ཨ་མེ་རི་ཁའི་དམག་དཔུང་ཧྥེ་ལེ་པེན་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད།

ཧྥེ་ལེ་པེན་གྱི་ཨེ་ཤ་ཡཱའི་དུས་རབས་ཞེས་པའི་འཐབ་ཇུས་ཞིབ་འཇུག་ཁང་གི་མགོ་བ་གཞོན་པ་ཨན་ནཱ་མཱ་ལིན་པའོ་ཀི་ཝུའུ་དབྱེ་ཡིས་བཤད་རྒྱུར། ས་ཁོངས་གཞན་པའི་རྒྱལ་ཁབ་ཀྱིས་རྒྱུན་ཆད་མེད་པར་ལྷོ་ཕྱོགས་རྒྱ་མཚོའི་མཚོ་ཁོངས་ནས་རྙོག་དྲ་བཟོས་པ་དང་། དེ་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་རེད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་ཕྱོགས་ཁག་རིང་ལུགས་འཛིན་པའི་བྱ་སྤྱོད་དེས་ས་ཁུལ་གྱི་འགྲན་རྩོད་ཇེ་དྲག་ཏུ་བཏང་སྟེ། ས་ཁུལ་ཁ་འབྲལ་དང་ས་ཁོངས་ནང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་ཛ་དྲག་ཏུ་འགྱུར་བའི་སྣང་ཚུལ་བཟོ་སྲིད་ཟེར།

ཧྥེ་ལེ་པེན་གྱི་ཆེད་ལས་རྩོམ་པ་པོ། སྔོན་ཆད་ཀྱི་གྲོས་ཞུགས་ཁང་གི་གྲོས་མི་ཧྥོ་ལིང་ཞི་སི་ཁི་ཐཱ་ཐཱ་ཏི་ཡིས་རྩོམ་ཡིག་བྲིས་ནས་བསྟན་དོན། ཧྥེ་ལེ་པེན་གྱིས་ཨ་མེ་རི་ཁར་གཞོགས་འདེགས་བྱས་ནས་ཀྲུང་གོའི་དར་རྒྱས་ལ་བཀག་རྒྱ་བཟོ་འདོད་པའི་བྱ་སྤྱོད་དེ་ནི་རང་ཚོད་མ་ཟིན་པའི་སྣང་ཚུལ་ཞིག་ཡིན་པ་དང་། ཧྥེ་ལེ་པེན་གྱི་མིར་ཞི་བདེ་མཁོ་བ་ལས་འཐབ་འཁྲུག་མི་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།