མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་དྲ་རྒྱའི་སྤོ་སྒུལ་མགྲོན་སྣེ༼གངས་ལྗོངས་མེ་ལོང༽གཏོང་མགོ་བརྩམས་པའི་མཛད་སྒོ་བསྡུས།
2016.05.06 ཁུངས། ཀློག་གྲངས། 21

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་དྲ་རྒྱའི་སྤོ་སྒུལ་མགྲོན་སྣེ༼གངས་ལྗོངས་མེ་ལོང༽དྲ་ལམ་ནས་གཏོང་མགོ་རྩོམ་པའི་མཛད་སྒོ་ཟླ5བའི་ཚེས6ཉིན་གྱི་ཞོགས་པར་ཟི་ལིང་ཞ་ཏུའུ་གསོལ་མགྲོན་ཁང་དུ་བསྡུས། མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་རིག་གནས་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཡུལ་སྐོར་ཅུའུ་སོགས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་སོ་སོའི་དྲིལ་སྒྲོག་པུའུ་དང་བརྙན་འཕྲིན་ཁང་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་མཛད་སྒོར་ཞུགས།

900.jpg

མཛད་སྒོའི་ཡོལ་བ་འབྱེད་བཞིན་པ།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་དྲ་ལམ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང་ཨ་མདོ་བརྙན་འཕྲིན་གཉིས་ཏེ་སྲོལ་རྒྱུན་སྨྱན་བྱད་གཉིས་ལ་བརྟེན་ཞིང་དེའི་ཐོན་ཁུངས་རྒྱུན་བསྲིངས་ཕྱོགས་བསྡུས་བྱས་ཏེ་གྲུབ་པའི་སྨྱན་བྱད་གསར་བ་ཞིག་ཡིན་པ་དང་། འདིས་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཀྱི་བླང་བྱ་ལྟར་གསར་འགྱུར་དྲིལ་སྒྲོག་གི་རྩ་དོན་དང་གསར་དར་སྨྱན་བྱད་ཀྱི་དགེ་མཚན་ཟུང་དུ་འབྲེལ་ནས་ཞབས་ཞུའི་ལས་ཆོད་ཇེ་དྲག་ཏུ་བཏང་སྟེ། བོད་སྐད་ཀྱི་སྲོལ་རྒྱུན་རྒྱང་སྒྲོག་བརྙན་འཕྲིན་དང་གསར་དར་སྨྱན་བྱེད་དབར་ཕན་ཚུན་གྱི་དགེ་མཚན་འདོན་སྤེལ་དང་སྟོང་ཆ་སྐོང་རེས་བྱེད་པ་སོགས་གཞི་གཅིག་ཏུ་འབྲེལ་བའི་སྤྱི་འདུས་རང་བཞིན་གྱི་གསར་དར་ཞབས་ཞུའི་སྟེགས་བུ་ཞིག་ཡིན་ལ། སྤྱི་ལོ2014ལོའི་ཟླ12པའི་ཚེས30ཉིན་ནས་བཟུང་དངོས་སུ་དྲ་ལམ་དུ་གཏོང་མགོ་བརྩམས།

འདས་པའི་ལོ་གཅིག་གི་རིང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཐེ་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཁག་གཞན་དག་གི་རོགས་སྐྱོར་འོག  སྔོན་ཐོན་གྱི་དྲིལ་སྒྲོག་ལག་རྩལ་ལ་བརྟེན་ནས་ནང་དོན་འཛུགས་སྐྲུན་གཞི་རྩར་བཟུང་སྟེ། དྲ་ལམ་སྨྱན་བྱད་ཀྱི་གླེང་ཕྱོགས་སྣེ་ཁྲིད་ནུས་པ་དང་། ནང་དོན་མཚོན་ཐབས། ཚོང་རྟགས་ཁྱབ་བསྒྲགས་ནུས་པ་བཅས་མཐོར་འདེགས་སུ་བཏང་ནས། གཟིགས་མཁན་ཡོངས་ལ་བདེ་ཐང་ཡར་སྐུལ་དང་ཕུན་སུམ་ཚོགས་པའི་བོད་སྐད་ཀྱི་ནང་དོན་མཁོ་སྤྲོད་བྱས་ཡོད་པ་མ་ཟད། མཚོ་སྔོན་དུ་དབང་ཟིལ་ལྡན་ལ་ཡིད་རྟོན་རུང་བ་དང་བོད་ཁུལ་ཡོངས་ལ་ཤེན་ཤུགས་ཆེ་བའི་སྤྱི་འདུས་རང་བཞིན་གྱི་དྲ་ལམ་གསན་གཟིགས་སྟེགས་བུ་ཞིག་དང་སྤྱིའི་རིག་གནས་ཞབས་ཞུའི་སྟེགས་བུ་ཞིག་འཛུགས་སྐྲུན་བྱས་ཡོད།

མིག་སྔར་རྒྱལ་ཁབ་དང་ས་ཁུལ80ལྷག་ན་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་དྲ་བར་དོ་སྣང་གསན་གཟིགས་བྱེད་མཁན་ཡོད་ལ། ཆ་སྙོམས་ཉིན་རེའི་རྡེབ་ཚད་ནི་ཁྲི་བཅུ་ལྷག་གི་ཡན་ལ་སླེབས་འདུག དེའི་ཁྲོད་དུ20%ནི་ཕྱི་སྡོད་བོད་རིགས་སྤུན་ཟླ་ཡིན། དེའི་ནང་གཙོ་བོ་རྒྱ་གར་དང་། ཨ་རི། པི་ལི་ཧྲི། ཧྥ་རན་སི། འཇར་མན། ལྷོ་ཁོ་རེ་ཡ། འཇར་པན། དབྱིན་ཇི། བལ་བོ། འབྲུག་ཡུལ་སོགས་རྒྱལ་ཁབ་ན་སྡོད་པའི་བོད་རིགས་སྤུན་ཟླ་དག་ཡིན་ལ། ཁོ་ཚོས་ཀྱང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བརྒྱུད་ནས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་དག་ལ་གསན་གཟིགས་གནང་ཐུབ།

དེ་རིང་གཏོང་མགོ་བརྩམས་པའི༼གངས་ལྗོངས་མེ་ལོང༽འདིར་སྲིད་དོན་གསར་འགྱུར་དང་སྤྱི་ཚོགས་གླེང་བརྗོད་ཚ་ཤོས། ས་གནས་ཞབས་ཞུ་སོགས་གསར་འགྱུར་དང་འཚོལ་བཤེར་སོགས་ཀྱི་རྩོལ་ནུས་ཡོད་པའི་མི་ཚད། བཀོལ་མཁན་གྱིས་རང་གི་ཁ་པར་སྤྱད་དེ་རླུང་འཕྲིན་དང་བརྙན་འཕྲིན། དྲ་ལམ་ཐད་གཏོང་དང་འདེམས་གཏོང་། གློག་བརྙན་དང་བརྙན་འཕྲིན་ཟློས་གར། གླུ་དབྱངས་དང་བརྙན་རིས། གནམ་གཤིས་དང་འགྲིམ་འགྲུལ་སོགས་ཁྱད་ལྡན་གྱི་ལེ་ཚན་དག་ལ་གསན་གཟིགས་བྱས་ཆོག

IMG_9643.jpg 

ཚོགས་རའི་ཟུར་ཞིག

IMG_9707.jpg

ཚོགས་ཞུགས་མགོ་ཁྲིད་དང་ལས་མི་ཡོངས།

༼གངས་ལྗོངས་མེ་ལོང༽གཏོང་མགོ་བརྩམས་པ་འདིས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་དྲ་བར་སྤོ་སྒུལ་མགྲོན་སྣེ་མེད་པའི་དུས་རིམ་ལ་རྫོགས་ཚིག་བཀོད་ཅིང་། སྨྱད་བྱད་བཅོས་སྒྲིག་བྱས་ཏེ་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་རླབས་ཆེན་གྱི་གོམ་སྟབས་དང་པོ་སྤོས་པ་མ་ཟད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་སྤོ་སྒུལ་སྦྲེལ་དྲའི་སྟེང་ཕྱེས་པའི་སྒེའུ་ཁུང་གསར་བ་དང་མེ་ལོང་གསར་བ་ཡིན་ལ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲོལ་རྒྱུན་སྨྱན་བྱད་ལས་དེང་རབས་ཆ་འཕྲིན་བརྒྱུད་སྒྲོག་གི་སྨྱན་བྱད་ཡོངས་ཁྱབ་སྟེགས་བུར་བརྒལ་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱ་མཉམ་བསྲེས་བྱེད་པ། དྲིལ་སྒྲོག་ནུས་ཤུགས་གོམ་གང་མདུན་སྤོས་ཀྱིས་རྒྱ་བསྐྱེད་པ། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ། མཚོ་སྔོན་གྱི་སྐད་གྲགས་དང་ཤེན་ཤུགས་རྒྱ་བསྐྱེད་པར་གཞན་ལས་ལྷག་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པར་གདོན་མི་ཟའོ།།