རྨ་ཆུ་རྫོང་གིས་སྐབས་དང་པོའི་བོད་འགྱིག་འགྲན་སྡུར་སྤེལ།
2016.05.09 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 3

ཀན་ལྷོ་རྨ་ཆུ་རྫོང་ནས་འབྱོར་བའི་གསར་འགྱུར།  གསར་འགོད་པ་ལྷ་མོ།

བོད་མི་རིགས་ཀྱི་ཕུལ་བྱུང་གཟུགས་འདས་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་ཀྱི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་བཅས་ལ་དམིགས་ནས། རྨ་ཆུ་རྫོང་སྲིད་གཞུང་གི་གཙོ་སྒྲུབ་བྱས་ཤིང་རྨ་ཆུ་རྫོང་རིག་གནས་རྒྱང་སྒྲོག་ཅུའུ་ཡིས་འགན་སྒྲུབ་བྱས་པའི་རྫོང་ཡོངས་ཀྱི་བོད་འགྱིག་འགྲན་རྩོད་ཐོག་མ་དེ་སྤྱི་ཟླ༥བའི་ཚེ༥ཉིན་རྨ་ཆུ་རྫོང་རིག་གནས་ཁང་དུ་སྤེལ་ཞིང་། ཐེངས་འདིའི་འགྲན་སྡུར་ལ་ཕྱོགས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ༢༠ལྷག་ཞུགས་ཡོད།

བོད་འགྱིག་ནི་དུས་ནམ་ཞིག་དུ་དར་བའི་ལོ་རྒྱུས་གསལ་བོ་མེད་ནའང་། ཐང་ཡིག་གསར་རྙིང་དང་ཏུང་ཧོང་ཡིག་ཚང་སོགས་སུ་ཐུ་བྷོད་བློན་ཆེན་གྱིས་འགྱིག་དེད་པའི་ལོ་རྒྱུས་བཀོད་ཡོད། དེ་ལ་གཞིགས་ན་བོད་འགྱིག་ནི་གནའ་སྔ་མོ་ནས་བོད་མི་དམངས་ཀྱི་རིག་གནས་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་ཤེས་ཡོང་། “ས་ཆ་རེ་ལ་དཔེ་རེ། ལུང་བ་རེ་ལ་ཆུ་རེ”ཞེས་པའི་དཔེ་བཞིན་བོད་ཁུལ་གྱི་ས་གནས་མི་འདྲ་བར་འགྱིག་འདེད་སྟངས་ཀྱང་མི་འདྲ། རྨ་ཆུར་མཚོན་ན་འགྱིག་འདེད་སྟངས་གཙོ་བོ་གེ་སར་བཙིར་འགྱིག་ཡིན།ཐོག་མར་རྡེའུ་འཇོག་སྐབས་རྗེས་ནས་ཕན་ཚུན་ཇི་ལྟར་བཙིར་བའམ་ཇི་ལྟར་ཟ་བར་དམིགས་དགོས་པ་དང་།འགྱིག་རྡེའུ་གང་ཟ་བར་ཡང་དོགས་ཟོན་ནན་མོ་བྱ་དགོས།གལ་ཏེ་ཟ་མི་འོས་པ་ཞིག་ཟོས་ཚེ།དེ་འཕྲལ་ཕ་རོལ་བོར་འགྱིག་རྡེའུ་དུ་མ་ཟ་བའི་གོ་སྐབས་འཆོར་བ་ལྟ་བུ།གེ་སར་བཙིར་འགྱིག་ལ་རྩེ་དང་། དཀྱིལ་ལམ་དཀྱིལ་སྙིང་།འཇོག་ཁའམ་ཉག་བོས།ཁེ་ཁ་བཞི།སྒྱོགས་རྡེའུ་དང་ཉག་བཞི། རྩེ་བཞི། ལུང་བཞི་སོགས་རིགས་མང་པོ་ཡོད།  རྨ་ཆུང་རྫོང་གི་ཁྲོམ་སྲང་དང་ཇ་ཁང་།དར་ཐང་སོགས་སུ་རྒན་གཞོན་ཚང་མས་བོད་འགྱིག་རྩེ་བཞིན་པའི་དུས་རྒྱུན་དུ་མཐོང་ཡོང་།བོད་འགྱིག་ལ་རྩེད་འཇོའི་རང་བཞིན་དང་ཐབས་རྩལ་རང་བཞིན་ཆེ་ཞིང་། སྟབས་བདེ་ལ་ཤེས་སླ་བའི་ཁྱད་ཆོས་ལྡན་པས།རྒྱ་ཆེའི་བའི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།དེ་ལྟར་ཉིན་གཅིག་གི་འགྲན་སྡུར་རྒྱུད། མཐར་བློ་བཟང་ཚེ་རིང་དང་དུང་ཁོ།ཚེ་ཁོ་བཅས་གསུམ་ལ་ཨང་དང་པོ་དང་གཉིས་པ།གསུམ་པ་ཐོབ།

QQ图片20160509172107.jpg

རྨ་ཆུ་རྫོང་གིས་སྐབས་དང་པོའི་བོད་འགྱིག་འགྲན་སྡུར། 

QQ图片20160509172054.jpg

འགྱིག་རྡེའུ་འཇོག་པར་གྲ་སྒྲིག་བྱེད་པ།

QQ图片20160509172025.jpg

ཚོགའ་རིའི་ཟུག་ཞིག

QQ图片20160509172045.jpg

རྣམ་ཤེས་བསྒྲིམས་ནས་འགྱིག་འདེད་བཞིན་པ།