མཐོན་པོ་རི་འདབས་ཀྱི་རི་ཕྱུག་སྡེ་བའི་དབུལ་ཐར་ལམ་གསར།
2016.05.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 29

IMG_6229.JPG       

ཟླ་བཞི་བའི་མཚོ་བྱང་མདའ་བཞིའི་རྩྭ་ཐང་ནི་གསེར་ཞུན་གྱིས་བྱུགས་པའི་མཚོ་མོ་ཞིག་དང་མཚུངས་པར། གསེར་དངུལ་ཐང་དུ་གྲགས་པའི་ནུབ་མཚོ་གྲོང་བརྡལ་གྱི་མཐའ་རུ་ལྟེམས་མེར་འཁྱིལ་ཡོད་ལ། རྒྱལ་ལམ315ནི་བཀྲ་ཤིས་ལྷ་དར་དཀར་པོ་ཞིག་གི་ཚུལ་དུ་མཐོན་པོ་རི་ལ་འཁྱུད་ཅིང་རྒྱང་དུ་བསྲིངས་ནས་འདུག ། རྒྱལ་ལམ315ནི་མཚོ་སྐོར་འགྲན་སྡུར་གྱི་རྒྱུག་ལམ་དང་ཞིན་ཅང་ཕྱོགས་སུ་བསྐྱོད་སའི་གཞུང་ལམ་གལ་ཆེན་ཞིག་ཡིན་སྟབས། དེའི་སྟེང་དུ་འུར་ཟིང་དང་འཁྲུག་ཆས་ཁེངས་འདུག་ཅིང་། ཧེ་ཡན་རྫོང་གི་རི་ཕྱུག་སྡེ་བས་རང་ཉིད་ཀྱི་ས་བབ་ཀྱི་ཁྱད་ཆོས་དང་མང་ཚོགས་ཀྱི་གནས་ཚུལ་ལ་དམིགས་ནས་རྒྱལ་ལམ315འདི་ཕྱུག་འགྱུར་དུ་བསྐྱོད་པའི་ཐབས་ལམ་ཞིག་ཏུ་མཐོང་འདུག །

རི་ཕྱུག་སྡེ་བ་ནི་ཧེ་ཡན་རྫོང་མཚོ་སྔོན་པོ་ཞང་གི་ཁོངས་གཏོགས་སྡེ་བ་ཞིག་ཡིན་པ་དང་། མཐོན་པོ་རིའི་འདབས་རོལ་དུ་ཆགས་ཡོད་པས། སྔོན་མཐོན་པོ་ཕྱུགས་ལས་ཁང་གི་ཁོངས་གཏོགས་ཀྱང་རེད། མཐོན་པོ་རིའི་འདབས་རོལ་དུ་གསེར་གྱི་གཞོང་བ་བཞིན་ཏུ་ཆགས་ཡོད་པ་འདི་ལ་དེང་གི་ཆར་གསེར་དངུལ་ཐང་ཞེས་གྲགས་ཡོད་ལ། སྔོན་ཆད་འདི་ལ་མར་ཁུའི་མཚོ་མོ་ཡང་ཟེར། ས་འདིའི་ས་མིང་ཙམ་ལ་བལྟས་པ་ཙམ་གྱིས་ཀྱང་རྩྭ་ཐང་ཇི་འདྲའི་ཉམས་དགའ་བ་ཞིག་ཡིན་པ་རྟོགས་ཐུབ་ལ། དོན་དངོས་སུའང་མཐའ་བཞི་རི་ཡིས་བསྐོར་བའི་གཞོང་དུ་མར་ཁུ་འཁྱིལ་བ་ལྟ་བུ་ཞིག་རེད། དེ་བཞིན་རྒྱའི་རོལ་མོ་བ་བང་ལའོ་པིན་གྱིས་རྒྱང་རིང་གི་ཡུལ་གྲུ་དེ་ན་ཞེས་པའི་གླུ་དབྱངས་ཤིག་ས་འདི་བརྗོད་བྱ་བྱས་ནས་བརྩམས་པས་མིང་གྲགས་ཀྱང་ཕྱོགས་ཀུན་དུ་མཆེད། ལྷག་པར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་སྐོར་ལས་རིགས་དར་རྒྱས་སུ་སོང་བ་དང་། ལྕགས་རྟའི་མཚོ་སྐོར་འགྲན་སྡུར་གྱི་ཤན་ཤུགས་ཀྱིས་གནས་འདི་ལ་གནས་སྐོར་དང་ལས་རིགས་གསར་སྤེལ་གྱི་གསོན་ཤུགས་སྔ་ན་མེད་པ་ཞིག་རྒྱས་འདུག་ཅིང་། སྡེ་བའི་འགོ་ཁྲིད་དག་གིས་ཀྱང་གོ་སྐབས་དང་གནས་བབ་བེད་སྤྱད་ནས་སྔོན་ཐོན་མི་སྣ་བསྐྱེད་སྲིང་དང་དབུལ་ཕོངས་ཁྱིམ་ཚང་ལ་སྐུལ་སློང་བྱས་ཏེ། རྒྱལ་ལམ315ཡི་འགྲམ་དུ་ཟ་ཁང་དང་། མགྲོན་ཁང་། འཁྲབ་སྟོན་སོགས་གཞི་གཅིག་ཏུ་བྱས་པའི་འབྲོག་ཁྱིམ་ལས་གཉེར་བྱེད་བཞིན་འདུག །

IMG_6273.JPG

རི་ཕྱུག་སྡེ་བར་ཁྱིམ་གྲངས189ཡོད་ལ། དེའི་ནང་དུ་དབུལ་ཕོངས་ཁྱིམ་ཚང68ཡོད། དེའི་ཁྲོད་དུ་གནད་ཁེལ་དབུལ་སྐྱོར་ཁྱིམ་ཚང20ཡོད། རི་ཕྱུག་སྡེ་བའི་ཧྲུའུ་ཅི་ལྕགས་བྱམས་རྒྱལ་གྱིས་བཤད་པ་ལྟར་ན། སྡེ་བའི་ནང་གི་སྔོན་ཐོན་མི་སྣ་སྐོར་ཞིག་གིས་སྡེ་བའི་ས་གནས་ཀྱི་ཁྱད་ཆོས་མཐོང་ནས་མཐོན་པོའི་འདབས་རོལ་གྱི315རྒྱལ་ལམ་འགྲམ་དུ་འབྲོག་ཁྱིམ་སྣེ་ལེན་ཁང་གཉེར་བས། ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་སོང་ཡོད། དེར་བརྟེན། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གྲོས་ཁ་གཅིག་ཏུ་མཐུན་ནས་ད་ལོ་ནས་མགོ་བརྩམས་ཏེ། དངོས་ཐོག་བདེན་འཚོལ་གྱིས་ས་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ཀྱི་དགོངས་དོན་བཞིན། གནད་ཁེལ་དབུལ་སྐྱོར་ཁྱིམ་ཚང་དག་གི་ངལ་རྩོལ་ལྷག་མ་དག་ད་ལྟ་གཉེར་བཞིན་པའི་འབྲོག་ཁྱིམ་སྣེ་ལེན་ཁང་དུ་ཞབས་ཞུ་བར་བཀོད་སྒྲིག་བྱེད་བཞིན་ཡོད་ལ། གནད་ཁེལ་དབུལ་སྐྱོར་ཁྱིམ་ཚང་དག་ལ་སྐུལ་སློང་བྱས་ནས་ལས་རིགས་གསར་ཞུགས་དང་གསར་འབྱེད་བྱེད་དུ་འཇུག་བཞིན་ཡོད་པ་དང་། སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་བར་ཁྱིམ་ཚང་བཅུ་དྲུག་དབུལ་ཐར་བྱ་རྒྱུའི་འཆར་གཞི་ཡོད་ཟེར། ཉིན་དེར་རི་ཕྱུག་སྡེ་བར་གསར་འགོད་བྱེད་དུས་ཧེ་ཡན་རྫོང་གི་རྫོང་དཔོན་གཞོན་པ་ལིས་ཞུས་ཀྲིན་ཡང་ཡུལ་དངོས་བརྟག་དཔྱད་བྱེད་པར་ཡོང་འདུག་ཅིང་། ཁོ་མོ་ལ་རི་ཕྱུག་སྡེ་བའི་དབུལ་ཐར་ཐབས་ལམ་འདིའི་ཕྱོགས་ལ་བཅར་འདྲི་བྱས་པར། ཁོ་མོས་བཤད་རྒྱུར་ས་བབ་དང་བསྟུན་ནས་གནད་ཁེལ་དབུལ་སྐྱོར་བྱེད་པ་ནི་དེང་གི་དམངས་ཕན་སྲིད་ཇུས་ཀྱི་རྩ་དོན་ཡིན་ལ། སྲིད་གཞུང་གིས་ཀྱང་ཁེ་ལས་ཁྱིམ་ཚང་ལ་རྒྱབ་སྐྱོར་དང་སྐུལ་སློང་བྱེད་བཞིན་ཡོད་པ་དང་། དེ་དང་མཉམ་དུ་རྒྱལ་ལམ315འགྲམ་གྱི་ཁོར་ཡུག་སྲུང་སྐྱོང་ཐད་ནས་ཀྱང་ཤུགས་ཆེན་པོ་རྒྱག་བཞིན་ཡོད་ཟེར། 

IMG_6269.JPG

ཧེ་ཡན་རྫོང་གི་རྫོང་དཔོན་གཞོན་པ་ལིས་ཞུས་ཀྲིན་ལ་བཅར་འདྲི་བྱེད་པ།

IMG_6245.JPG

རི་ཕྱུག་སྡེ་བའི་མཛེས་ལྗོངས།