ཉིན་ཞ་སྡེ་བའི་བཀྲ་ལོ་ཚང་གི་དབུལ་ཐར་གཏམ་རྒྱུད།
2016.05.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

IMG_6494.jpg 

          མང་ཚོགས་དབུལ་ཐར་གྱི་ལམ་དུ་ཞུགས་པར་མི་རང་ཉིད་ཀྱིས་འབད་བརྩོན་བྱེད་དགོས་པར་མ་ཟད། སྡེ་བ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཤུགས་ཆེན་པོ་རྒྱག་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། རྐང་ཚ་རྫོང་གི་ཉིན་ཞ་སྡེ་བར་མཚོན་ན་འགོ་ཁྲིད་ཀྱིས་ལམ་སྟོན་བཟང་བ་དང་དབུལ་ཕོངས་ཁྱིམ་ཚང་གི་ཧུར་བརྩོན་ཁྲོད་ད་ལྟ་དབུལ་བོའི་གནས་ནས་ཐར་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་འདུག །

རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞ་སྡེ་བ་ལ་ཁྱིམ་གྲངས84ཡོད་ལ་མི་གྲངས420ཡོད། སྡེ་བ་འདི་ནི་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བའི་འབྲོག་ལས་ཅན་གྱི་སྡེ་བ་ཡིན་པས། ཕྱུགས་ཟོག་དང་རྩྭ་ས་ནི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་སྒོ་ཉག་ཅིག་རེད། སྡེ་བ་འདིར་དབུལ་ཕོངས་ཅན་གྱི་ཁྱིམ་ཚང་དྲུག་ཡོད་ལ་དེའི་ནང་ནས་ཀྱང་བཀྲ་ལོ་ཚང་ནི་རྩྭ་ས་ཙམ་མ་གཏོགས་ཕྱུགས་ཟོག་གཅིག་ཀྱང་མེད་པའི་ཆེས་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་རེད། དེ་བས་སྡེ་བའི་འགོ་ཁྲིད་དག་གིས་ཁོང་ཚང་ལ་ཆེད་དུ་དམིགས་ནས་སྡེ་བའི་ལས་གཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཁོ་ཚང་གི་རྩྭ་སའི་ཐོག་ཏུ་བཙུགས་ལ། སྡེ་བའི་ལུ་གུ་ཚང་མ་བཀྲ་ལོ་ཚང་ལ་འཚོ་རུ་བཅུག་ནས་ཁོ་ཚང་གི་ངལ་རྩོལ་ལྷག་མ་དག་དེ་རུ་བཀོད་སྒྲིག་བྱས་པས། ལོ་གཉིས་ཀྱི་སྔོན་ལ་བཀྲ་ལོ་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྟོང་གཉིས་ཙམ་དེ་ད་ལྟ་ཡར་འཕར་ནས་ཆ་སྙོམས་ཡོང་སྒོ་ཁྲི་གཅིག་ཡན་ལ་བུད་ཡོད་པར་མ་ཟད། ད་ལྟ་ཁོ་ཚང་གིས་ཀྱང་ཕྱུགས་ཟོག་ཉོས་དེ་ལུག་གི་ཁ་གྲངས་བརྒྱ་ལྷག་དང་ནོར་གྲངས་སུམ་ཅུ་ལ་ཉེ་བ་སླེབས་ཡོད་པས། ལོ་གཉིས་ཀྱི་རིང་ལ་ཁྱིམ་ཚང་འདིར་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་འདུག

IMG_6451.JPG

སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསང་བདག་རྒྱལ་གྱིས་བཤད་རྒྱུར། བཀྲ་ལོ་ཚང་སྔོན་ཆད་ན་ཚ་བྱུང་ནས་ཕྱུགས་ཟོག་ཚང་མ་ཚར་ནས་ཁྱིམ་སྟོང་གི་ཚད་དུ་སླེབས་ཡོད་མོད། སྡེ་བའི་འགོ་ཁྲིད་དང་ཁོ་ཚང་གི་འབད་བརྩོན་གྱིས་ད་ལྟ་བཀྲ་ལོ་ཚང་དབུགས་རྒྱས་ཏེ་དབུལ་ཐར་བྱུང་ཡོད་པ་དང་། ད་ལྟ་བཀྲ་ལོ་ཚང་སྡེ་བ་སྤྱིའི་དབུལ་ཐར་ཁྱིམ་ཚང་གི་མིག་དཔེ་རུ་གྱུར་ཡོད་པས། སྡེ་བའི་འགོ་ཁྲིད་ཚན་ཁག་ཀྱང་དགའ་སྤྲོ་ཆེན་པོ་བྱུང་སྟེ་སྡེ་བ་འགོ་འདྲེན་བྱེད་པར་སྟོབས་ཤུགས་རྒྱས་ནས་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

སྡེ་མི་བཀྲ་ལོ་ཡིས་སྡེ་བའི་འགོ་ཁྲིད་དག་བསྟན་ནས་གལ་ཏེ་སྡེ་བའི་འགོ་ཁྲིད་དག་གིས་འདི་འདྲའི་རོགས་སྐྱོར་དང་གོ་སྐབས་ཤིག་གནང་མེད་ཚེ། ཁོ་ཚང་ནམ་ཡང་དབུལ་ཕོངས་ཀྱི་གནས་ནས་ཐར་ཐུབ་མེད་ལ། ལྷག་པར་འཚོ་བ་རོལ་རྒྱུའང་དཀའ་ཁག་ཆེ་བའི་གནས་སུ་ལྷུང་ཡོད་ཟེར།

སྲིད་གཞུང་གི་མ་མཐའི་འཚོ་བའི་ཁ་སྣོན་དང་རོགས་སྐྱོར་གནང་སྦྱིན་གྱིས་ནམ་ཡང་མཐར་ཐུག་གི་དཀའ་ཁག་སེལ་དཀའ་ལ། དམངས་ཕན་སྲིད་ཇུས་ཀྱི་བཀོལ་སྤྱོད་གནད་ཐོག་ཏུ་འབབ་ཐུབ་མིན་དང་འགོ་ཁྲིད་དང་མང་ཚོགས་སེམས་ཤུགས་གཅིག་ཏུ་སྒྲིལ་ཐུབ་མིན་ཏེ་དབུལ་ཐར་གྱི་གནད་ཆེན་པོ་ཡིན་སྟབས། ཉིན་ཞ་སྡེ་བའི་མ་དཔེ་འདི་དབུལ་ཕོངས་ཅན་གྱི་སྡེ་བ་དང་འགོ་ཁྲིད་ཀྱིས་མིག་དཔེར་འཛིན་འོས་སྙམ།

\"\"

ཉིན་ཞ་སྡེ་བའི་བཀྲ་ལོ་ཚང་།

\"\"

སྡེ་བའི་ཁྲོམ་དག་ཕྱུགས་ལས་མཉམ་ལས་ཁང་དུ་གསོ་སྐྱོང་བྱེད་པ།

\"\"

ཉིན་ཞ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་།

\"\"

ཉིན་ཞ་སྡེ་བའི་བཀྲ་ལོ་ཚང་དུ་བསྐྱོད་པའི་ལམ་བར།

\"\"

ཉིན་ཞ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བླངས་པའི་བྱ་དགའི་རྟགས་མ།

\"\"

ཉིན་ཞ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བླངས་པའི་བྱ་དགའི་རྟགས་མ།