སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོས་ཏང་འཛུགས་དམ་འཛིན་དང་དབུལ་ཐར་མཁྲེགས་གཏོར་གྱི་ནུས་པ་དང་ཆུ་ཚད་ཇེ་དྲག་ཏུ་གཏོང་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་གཉིས་ཀྱིས་ཟླ་བཞི་བའི་ཟླ་དཀྱིལ་ལ་མཉམ་དུདབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོའི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། དེའི་ནང་ཧྲུའུ་ཅི་དང་པོ་གོ་བརྒྱད་ཉིན་ཞ་རུ་སོང་ནས་རྟོག་ཞིབ་སློབ་སྦྱོང་བྱས་པ་དང་ཧྲུའུ་ཅི་དང་པོ་དང་། ཁུལ་དང་གྲོང་ཁྱེར་གྱི་རྩ་འཛུགས་པུའུ་དང་དབུལ་སྐྱོར་ཅུའུ་ཡི་འགན་ཁུར་མི་སྣ་བཞི་བརྒྱ་བཅུ་དྲུག་ཟི་ལིང་ནས་བསྡུས་པའི་གཅིག་བསྡུས་གསོ་སྦྱོང་ལ་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་གིས་གཙོ་བོར་དབུལ་ཕོངས་ས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་པ་དང་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོའི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་དམིགས་ནས་སློབ་ཁང་ནང་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་ནས་ལྟ་ཞིབ་བྱེད་པ། ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ལ་གསོ་སྦྱོང་བྱེད་དུ་སོང་བའི་ཧྲུའུ་ཅི་དང་པོ་ཚོས་ཉིན་ཞ་ཡི་ཏང་འཛུགས་དམ་འཛིན་བྱས་ཏེ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཉམས་མྱོང་ལ་སློབ་སྦྱོང་བྱས། གསོ་སྦྱོང་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་སྡེ་སྡོད་ཧྲུའུ་ཅི་ཚོས་ཡུལ་དངོས་ནས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་དང་གྲོང་སྡེའི་ཡུལ་སྐོར། གཅིག་བསྡུས་དཔལ་འབྱོར། རྨང་གཞི་འཛུགས་སྐྲུན་སོགས་ཕྱོགས་ཀྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱས། ཟི་ལིང་གི་གཅིག་བསྡུས་གསོ་སྦྱོང་སྐབས་སུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ཞིབ་བཤེར་ཁང་བཅས་ཀྱི་ལས་སྒོའི་ལས་བྱེད་པ་དང་ཆེད་མཁས་པ་རྣམས་ཀྱིས་སོ་སོར་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་། དབུལ་ཐར་བརྒྱུད་རིམ་དང་དམིགས་ཚད་མ་ལག དབུལ་ཐར་ཉམས་མྱོང་སོགས་ཀྱི་ཐད་ནས་ཆེད་དོན་འཆད་ཁྲིད་བྱས་པ་དང་ཧྲུའུ་ཅི་དང་པོའི་འཐུས་ཚབ་པ་དང་མཉམ་དུ་ཉམས་མྱོང་བརྗེ་རེས་བྱས།
གསོ་སྦྱོང་མཇུག་སྒྲིལ་རྗེས། རྩ་འཛུགས་པུའུ་ཡིས་ཧྲུའུ་ཅི་དང་པོ་ཁག་བགོས་ཏེ་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོའི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་བསྡུས། དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་ཡིན་ལ། སྐུལ་སློང་རང་བཞིན་ཅུང་དྲག་པས་གོ་རིམ་རྗེས་མའི་བྱ་བར་རོགས་རམ་དང་མཛུབ་སྟོན་གྱི་ནུས་པ་ཐོན་ཟེར།