དཔའ་ལུང་རྫོང་གིས་སྡེ་བ་གཅིག་ལ་ཐོན་རྫས་གཅིག་དང་ཁྱིམ་གྱི་ཞིང་ཕྱུགས་ར་བར་བརྟེན་ནས་གནད་ཕིགས་དབུལ་ཐར་བྱ་བ་ཡར་ལྡན་དུ་སྤེལ།
2017.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉིས་སྟོང་བཅུ་བདུན་ལོར། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་ཞིང་ཕྱུགས་ཐོན་ལས་ཀྱིས་གནད་ཕིགས་དབུར་ཐར་བྱ་བའི་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་བཏང་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བརྒྱ་དང་ཞེ་བཞི་དང་། ཡིག་ཚགས་བཟོས་ནས་བྱང་བུ་ལས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཡོད་ཚད་ཀྱི་ཁྲོད་དུ་སྡེ་བ་གཅིག་ལ་ཐོན་རྫས་གཅིག་རེ་གཉེར་བ་དང་། ཁྱིམ་གྱི་ཞིང་ཕྱུགས་ར་བའི་ལས་གཞི་འཛུགས་སྒྲུབ་ལ་བརྟེན་ནས། ཁྱོན་ཡོངས་ནས་གནད་ཕིགས་དབུལ་ཐར་བྱ་བ་ཡར་ལྡན་དུ་སྤེལ་རྒྱུ་རེད།

དཔའ་ལུང་རྫོང་གིས་འཆར་གཞི་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གཉིས་དབུལ་ཕོངས་སྡེ་བའི་ནང་ནས་སྡེ་བ་རེ་ལ་ཐོན་རྫས་གཅིག་རེ་གཉེར་བའི་ལས་གཞིའི་སྟེང་གཏང་རྒྱུ་ཡིན་པ་དང་། སྡེ་བ་རེ་ལ་ཁ་གསབ་རོགས་དངུལ་སྒོར་འབུམ་ལྔ་རེ་སྟེར་རྒྱུ་རེད། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་ལྟར། རང་ས་རང་ཡུལ་གྱི་ཐོན་ཁུངས་དགེ་མཚན་དང་སྲོལ་རྒྱུན་དགེ་མཚན། སྡེ་བ་གཅིག་ལ་ཐོན་རྫས་གཅིག་རེ་གཉེར་བ་བཅས་ཀྱི་ལས་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འདེབས་འཛུགས་གསོ་སྤེལ་ལས་རིགས་དང་ཞིང་ལས་ཞབས་ཞུ་དང་འབྲེལ་བའི་ལས་རིགས། ཞིང་ལས་ཐོན་རྫས་མ་ཡིན་པའི་ལས་རིགས་སོགས་ལག་བསྟར་བྱས་མཐར། འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་དང་ས་ཡ་བརྒྱད་བཏང་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་དབུལ་ཐར་གཏོང་རྒྱུ་ཡིན་པ་དང་། ཡིག་ཚགས་ལས་ནས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཞིང་ཕྱུགས་ར་བ་སྟོང་གཉིས་དང་སུམ་བརྒྱ་དྲུག་ཅུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁྱིམ་ཚང་རེར་དབུལ་སྐྱོར་མ་དངུལ་སྒོར་ཁྲི་ལྔ་རེ་ཐེམས། བཟའ་འབྲུའི་ཐོན་རྫས་དང་མེ་ཏོག་འདེབས་འཛུགས། ཤུན་པགས་སྲབ་མོ་ཅན་གྱི་ཁམ་བུ་འདེབས་འཛུགས་སོགས་གཙོ་བོ་ཡིན་པའི་ཁྱིམ་གྱི་ཞིང་ར་དང་། ནོར་ལུག་དང་ཁྱིམ་བྱ་སོགས་གཙོ་བོ་ཡིན་པའི་ཁྱིམ་གྱི་ཕྱུགས་ར། དེ་མིན་ད་དུང་ཉ་གསོ་ར་བ་བཅས་ལག་བསྟར་བྱེད་རྒྱུ་རེད།