ཉེ་ལམ། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སློབ་གསོ་ཐིན་གཉིས་དང་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་གནས་སྐབས་ཀྱི་བྱེད་ཐབས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དེ2017ལོའི་སྟོན་དུས་སློབ་སྐབས་ནས་ལག་བསྟར་བྱེད་མགོ་རྩོམ་རྒྱུ་རེད།
བྱེད་ཐབས་ལས་གཏན་ཁེལ་བྱས་པའི་ཁ་གསབ་བྱེད་ཡུལ་ནི་ཁྱིམ་ཐོ་མཚོ་སྔོན་དུ་ཡོད་པ་མ་ཟད་སྐབས་གཉིས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་གྱི་འཛིན་བྱང་ཡོད་པ་དང་། རྒྱལ་ཁབ་ཀྱིས་སློབ་ཡུན་ཁས་ལེན་བྱེད་པའི་རིགས་མི་འདྲ་བའི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གསོ་སློབ་གྲྭ མཐོ་རིམ་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་པའི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མ་དང་ཡང་ན་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་རེད། བྱེད་ཐབས་ལས་ཁ་གསབ་བྱེད་ཡུལ་གྱིས་སློབ་གསོ་མྱངས་པའི་ཚད་གཞི་གཞིར་བཟུང་ནས་ཁ་གསབ་ཚད་གཞི་མི་འདྲ་བ་གཏན་འབེབས་བྱས་པ་དང་། དེའི་ཁྲོད། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོ་དང་། ཡང་ན་དར་མའི་འབྲིང་རིམ་ཆེད་སྦྱོང་སློབ་གསོ་མྱངས་པའི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མར་མི་རེར་སློབ་ལོ་རེར་སྒོར་སྟོང་གཉིས་ཀྱི་ཁ་གསབ་སྟེར་རྒྱུ་ཡིན་པ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཆེན་དཀྱུས་མའི་འབྲིང་རིམ་ཆེད་སྦྱོང་དུ་སློབ་གཉེར་བྱས་པ་དང་སློབ་ཡུན་ཡོད་པའི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར། མི་རེར་སློབ་ལོ་རེར་སྒོར་སྟོང་གསུམ་གྱི་ཁ་གསབ་སྟེར་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱིས་ཁས་ལེན་པའི་སློབ་ཡུན་ཡོད་པའི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་པའི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མར། དེས་མཐར་ཕྱིན་འཛིན་ཡིག་བླངས་པའི་ལོ་དེར། ཐེངས་གཅིག་རང་བཞིན་གྱིས་ཁ་གསབ་སྒོར་ཁྲི་གཅིག་སྟེར་རྒྱུ་རེད།
དེ་ལས་གཞན། ཡར་ཞུ་ཆ་རྐྱེན་དང་མཐུན་པ་དང་། སློབ་རོགས་ཁ་གསབ་དངུལ་ལེན་པར་ཡར་ཞུ་བྱེད་པའི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མས་རང་འདོད་ལྟར་ཡིག་ཐོག་ཡར་ཞུ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་ཆེན་སློབ་མ་དང་མཐོ་འབྲིང་སློབ་མར་རོགས་སྐྱོར་བྱེད་པའི་ལས་གཞིའི་མ་དངུལ་ཡར་ཞུ་བྱེད་པའི་ཐོ་འགོད་རེའུ་མིག་སྐོང་དགོས་པ་མ་ཟད། སློབ་བསྡུ་བརྡ་སྦྱོར་ཡི་གི་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་འདོན་སྤྲོད་བྱེད་དགོས་པ་དང་། སྔོན་དུ་སློབ་གཉེར་བྱས་པའི་སློབ་གྲྭ་དང་ས་གནས་ཀྱི་སློབ་གསོ་ཅུའུ། དམངས་སྲིད་ཅུའུ་བཅས་ཀྱིས་བསམ་འཆར་འགོད་པ་དང་། དེའི་རྗེས་འབྲེལ་ཡོད་ཡིག་ཆ་རྫོང་དང་ཆུའུ། གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་སྤྲད་དེ་ཐོག་མའི་ཞིབ་བཤེར་གཏན་འབེབས་བྱེད་དུ་འཇུག་པ་མ་ཟད། རིམ་པ་བཞིན་ཞིབ་བཤེར་གཏན་འབེབས་བྱེད་དུ་འཇུག་དགོས།