ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་གྱིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་གོ་རིམ་ལྡན་ཞིང་སྟོབས་དང་ལྡན་ལ། ཕན་འབྲས་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ཟླ་གསུམ་པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཁང་རྙིང་བསྒྱུར་བཀོད་ས་ཁུལ་ནས་ཁང་བ་སྟོང་གསུམ་དང་བརྒྱད་བརྒྱ་དོན་དགུ་བསྒྱུར་མགོ་བརྩམས་ཡོད་ལ། ལས་གཞི་མགོ་རྩོམ་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་བརྒྱད་དགུ་ལ་སླེབས་ཡོད་པར་མ་ཟད། ཁང་རྙིང་གཞིས་ཁུལ་གྱི་སྡོད་ཁང་བསྒྱུར་བཀོད་དང་སྤྱི་བའི་གླ་ཁང་བདུན་བརྒྱ་ང་གཉིས་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་པ་ལས་གཞན། སྡོད་ཁང་སུམ་བརྒྱའི་ནང་དུ་མི་བསྡད་ཡོད། ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གཉིས་ས་ཡ་ལྔ་བཏང་ནས་བྱ་བའི་ལས་རིམ་ཁག་མགོ་ཡག་པོ་ཞིག་བརྩམས།
ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཁང་རྙིང་ས་ཁུལ་གྱི་ཁང་བ་བསྒྱུར་བཀོད་བྱེད་རྒྱུ་ནི་དམངས་ཚིས་ལེགས་བཅོས་བྱ་བ་གལ་ཆེན་ཏུ་བརྩིས་ཏེ་དམ་འཛིན་བྱས་ཤིང་། དངུལ་གཏོང་གི་རྒྱ་ཆེ་རུ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་གཉིས་ཀྱི་སྦྲེལ་གནས་སུ་བརྩིས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་ཁང་རྙིང་བསྒྱུར་བཀོད་བྱ་བ་འབུར་ཐོན་གོ་གནས་སུ་བཞག་ནས། ཤུགས་ཆེན་པོས་སྐུལ་འདེད་བཏང་བར་མ་ཟད། ཚད་བཀག་རང་བཞིན་གྱི་དམིགས་ཚད་དུ་བརྩིས་ཏེ། ས་གནས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ནང་དོན་གལ་ཆེན་ཁྲོད་བཞག་ནས། མགོ་ཁྲིད་པ་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། དུས་རིམ་རང་བཞིན་གྱི་ཕན་འབྲས་ངེས་ཅན་བླངས་ཡོད།
ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་འགན་སྲུང་ཅན་གྱི་བདེ་སྡོད་བཟོ་སྐྲུན་ལས་ཁང་བ་ས་ཡ་དྲུག་དང་འབུམ་གཅིག་སྟོང་བརྒྱད་དང་དགུ་བརྒྱ་བསྐྲུན་པའི་ཁྲོད་དུ། ཁང་རྙིང་ས་ཁུལ་གྱི་ཁྱིམ་ཚང་འབུམ་གསུམ་དང་ཁྲི་གསུམ་སྟོང་བཞི་ཡི་ཁང་རྙིང་བསྒྱུར་བཀོད་བྱས་ཤིང་། སྤྱི་བའི་གླ་ཁང་དང་དཔལ་འབྱོར་ཆེད་སྤྱོད་ཁང་སོགས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འབུམ་གཉིས་དང་ཁྲི་བརྒྱད་སྟོང་བཞི་དགུ་བརྒྱ་བསྐྲུན་པ་དང་། སྤྱི་བའི་གླ་ཁང་འབུམ་གཉིས་དང་ཁྲི་བདུན་སྟོང་དྲུག་དྲུག་བརྒྱ་དངོས་སུ་བསྐྲུན་མགོ་བརྩམས་མཐར། བགོ་འགྲེམ་བྱས་ཏེ་བསྡད་ཆོག་པའི་ཁང་བ་འབུམ་གཉིས་དང་ཁྲི་གསུམ་སྟོང་བཞི་བརྒྱད་བརྒྱ་བསྐྲུན་ནས། ཁང་བའི་ནང་འདུག་ཚད་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་བཞི་ལ་སླེབས་ཤིང་། དེ་ནི་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ས་ཡ་གཅིག་དང་འབུམ་བདུན་གྱིས་མཁར་གྲོང་འགན་སྲུང་བདེ་སྡོད་བཟོ་སྐྲུན་གྱི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་ནས། དེས་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱིས་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་ལྔ་ཟིན་ཡོད།