ཉེ་ལམ། མཚོ་སྔོན་ཞིང་ཆེན་བཟོ་སྐྲུན་དོ་དམ་ཅུའུ་ཡི་ཞུན་ཧྭ་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་གུ་ཆུང་ཕུག་ལམ་དང་པོའི་ཕུག་ལམ་གཡོན་མ་དངོས་སུ་བཀག་མེད་ཤར་གཏོང་བྱས་པ་དང་། དེས་ཞུན་ཧྭ་དང་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་གི་ཕུག་ལམ་ཡོངས་རྫོགས་ལེགས་འགྲུབ་བྱེད་པ་མཚོན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཞུན་ཧྭ་ནས་དཔའ་ལུང་བར་གྱི་གཞུང་ལམ་ཧྲིལ་བོ་རུ་བསྡོམས་པས་ཕུག་ལམ་དགུ་ཡོད་པ་དང་། ཕུག་ལམ་རྐྱང་བའི་སྤྱིའི་རིང་ཚད་ལ་རྨིད་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ་སོ་གསུམ་ལྷག་ཡོད་ལ། དེའི་ཁྲོད་རིང་ཚད་ལ་རྨིད་སྟོང་དྲུག་དང་དྲུག་བརྒྱ་ཞེ་བཞི་ཅན་གྱི་ཆེས་རིང་བའི་ཕུག་ལམ་གཉིས་དང་། རྨིད་སྟོང་དྲུག་དང་དྲུག་བརྒྱ་ཉེར་ལྔ་ཅན་གྱི་ཕུག་ལམ་རིང་བ་བཞི། རྨིད་དྲུག་བརྒྱ་དང་བདུན་ཅན་གྱི་ཕུག་ལམ་ཐུང་བ་གསུམ་ཡོད་པ་དང་། གུ་ཆུང་ཕུག་ལམ་དང་པོའི་ཕུག་ལམ་གཡོན་མའི་རིང་ཚད་ལ་རྨིད་སྟོང་གསུམ་དང་ཞེ་གཉིས་ཡོད་ལ། ཕུག་ལམ་གཡས་མའི་རིང་ཚད་ལ་རྨིད་སྟོང་གསུམ་ལྔ་བཅུ་ཡོད། ད་ལོའི་ལོ་མཇུག་ཏུ་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད་པའི་རྒྱལ་ལམ་གསུམ་གཅིག་ཐིག་གི་ཞུན་ཧྭ་ནས་རོང་བོ་འགག་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་བཞི་བཅུ་ལྷག་ཡོད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་ཡིན་ལ། རྒྱལ་ལམ་གསུམ་གཅིག་ཐིག་དང་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ལམ་དྲའི་འཆར་འགོད་ཁྲོད་ཀྱི་ལིན་ཞ་ནས་གུང་ཧོ་བར་གྱི་གཞུང་ལམ་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། དེ་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་རྫོང་ཁོངས་སུ་ཆགས་ཡོད། རྒྱལ་ལམ་དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་མཐོ་སྒང་དང་ཆུ་མཛོད་ཁུལ། རི་ཁུལ། གྲོག་རོང་བརྒྱུད་པའི་མྱུར་བགྲོད་གཞུང་ལམ་ཡིན་པ་དང་། ལམ་ཧྲིལ་བོར་ཟམ་པ་དང་ཕུག་ལམ་མང་བས། བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་ཐད་ནས་དཀའ་ཁག་མང་པོ་ལྡན་ལ། བདེ་འཇགས་ཐད་ཀྱི་ཉེན་ཁ་ཡང་ཧ་ཅང་ཆེ་ཟེར།
གཞུང་ལམ་དེ་ཡོངས་འགྲུབ་བྱུང་རྗེས། ཁུལ་ཁོངས་ལམ་དྲའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ལམ་རྒྱུད་ཀྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ།