ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་གསུམ་པའི་ཟླ་མཇུག་བར་དུ། མཚོ་ལྷོ་ཁུལ་ཡོངས་སུ་སྒེར་གཉེར་ཁེ་ལས་སྟོང་གཉིས་བདུན་བརྒྱ་དང་ཞེ་གསུམ་ཡོད་ཅིང་། ཐོ་འགོད་མ་རྩ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་ལྔ་དང་དུང་ཕྱུར་ལྔ་བྱེ་བ་བདུན་ས་ཡ་དགུ་ལྷག་ཏུ་སླེབས་ཡོད་པ་དང་། དུས་སྐབས་སྔོན་མ་དང་བསྡུར་ན་རེ་རེ་བཞིན་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་གཉིས་ལྔ་དང་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་བདུན་དྲུག་གིས་ཇེ་མཐོར་སོང་ཡོད།
ད་ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་སྤེལ་པའི་བཀོད་འདོམས་ཐབས་ཇུས་ཡོད་ཚད་་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་པ་དང་། རིམ་བཞིན་ཐོ་འགོད་ཆ་རྐྱེན་ཇེ་དམའ་རུ་གཏོང་བ་དང་། དཔང་ཡིག་གསུམ་གཅིག་དུ་བསྡུ་བ་དང་དཔང་ཡིག་ལྔ་གཅིག་དུ་བསྡུ་བ་སོགས་ཚོང་དོན་བཅོས་སྒྱུར་ལམ་ལུགས་སྐོར་གྱི་ཐབས་ཇུས་གསར་བ་རྣམས་ལག་བསྟར་ནན་མོ་བྱས་ནས། མི་རིགས་ས་ཁུལ་གྱི་སྒེར་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་ཆེན་པོ་བྱས་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་གྱི་མིང་ཐོག་ནས་སྔོན་ན་ཐོ་འགོད་བྱས་ཆོག་པའི་ཁེ་ལས་ཉེར་གཅིག་ཀྱི་ཐོ་འགོད་རེ་ཞུ་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་དང་། མཚོ་ལྷོ་ཁུལ་གྱི་མིང་ཐོག་ནས་སྔོན་ན་ཐོ་འགོད་བྱས་ཆོག་པའི་ཁེ་ལས་ཞེ་གཉིས་ཀྱི་ཐོ་འགོད་རེ་ཞུ་ལ་ཞིབ་བཤེར་ཆོག་མཆན་བཀོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལྟ་སྐུལ་དོ་དོམ་ལས་ཁུངས་ཀྱིས་ཐོ་འགོད་ཞིབ་བཤེར་བྱེད་པའི་དུས་ཚོད་དེ་སྔོན་གྱི་ཉིན་སུམ་ཅུ་ནས་ད་ལྟའི་ཉིན་གསུམ་དུ་བཏང་ནས། བརྒྱ་ཆའི་གོ་ལྔའི་ཡན་གྱི་ཁེ་ལས་ཀྱིས་དེ་རིང་ཐོ་འགོད་བྱས་ན་དེ་རིང་དཔང་ཡིག་ལེན་ཐུབ་པར་གྱུར། མཚོ་ལྷོ་ཁུལ་ཡོངས་ཀྱི་ཁེ་ལས་ཀྱི་ཆ་སྙོམས་མ་དངུལ་ སྒོར་ས་ཡ་དྲུག་དུ་སླེབས་ཡོད་པ་དང་། དུས་སྐབས་སྔོན་མ་དང་བསྡུར་ན་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་ང་གཉིས་སུ་སླེབས་ཡོད་པ་རེད།
གཞན་སྒེར་གཉེར་ཁེ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དེས་སྤྱི་ཚོགས་ཀྱི་ལས་ཞུགས་བྱེད་ཚད་སྔར་ལས་མཐོར་འདེགས་སུ་བཏང་ཡོད་་ཅིང་། མིག་སྔའི་བར་དུ། མཚོ་ལྷོ་ཁུལ་ཡོངས་ཀྱི་སྒེར་གཉེར་ཁེ་ལས་ཀྱིས་ཁྱོན་སྡོམ་ལས་ཞུགས་མི་སྣ་ཁྲི་གཅིག་སྟོང་གསུམ་དང་སོ་བཞི་བསྡུ་ལེན་བྱས་ཡོད་པ་རེད།