
ད་ལོ་ནས་བཟུང་། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་སྤུས་ཚད་མཐོར་འདེགས་གཏོང་བ་དམིགས་འབེན་དུ་བཟུང་ནས། ཀན་ཧི་བཟོ་ལས་ར་བའི་ས་ཁུལ་གྱི་ཉིས་སྟོང་བཅུ་བདུན་ལོའི་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤྱིའི་འཆར་གཞི་ཞེས་པ་གཏན་འབེབས་བྱས་ཏེ་སྒོར་བཏོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཁའ་དབུགས་བཙོག་སྒྱུར་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འཆར་གཞི་དང་ཆུ་བཙོག་སྒྱུར་བྱེད་པ་སྔོན་འགོག་བྱེད་པའི་འཆར་གཞི། ས་གཤིས་བཙོག་སྒྱུར་བྱེད་པ་སྔོན་འགོག་བཅོས་སྐྱོང་བྱེད་པའི་འཆར་གཞི། འབག་བཙོག་དངོས་པོ་ཐག་གཅོད་ཐབས་སྐོར་གྱི་འཆར་གཞི་བཅས་ཞིབ་ཚགས་ཅན་དུ་བཏང་ནས་གཏན་འབེབས་བྱས་མཐར། བཟོ་ལས་ར་བའི་ས་ཁུལ་གྱི་འབག་བཙོག་བཅོས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྣེ་སྟོན་བྱས་ནས་ཡར་ལྡན་དུ་སྤེལ།
དེའི་ཁྲོད་ཀྱི་ཀན་ཧི་བཟོ་ལས་ར་བའི་ས་ཁུལ་གྱི་ཉིས་སྟོང་བཅུ་བདུན་ལོའི་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤྱིའི་འཆར་གཞི་ཞེས་པས། ལྗང་སྒྱུར་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་རྒྱུ་སྤྱིའི་དམིགས་འབེན་དུ་བཟུང་ནས། བཟོ་ལས་ར་བའི་ས་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུ་ལྟེ་བར་འཛིན་པ། བཟོ་ལས་ར་བའི་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། ཆུ་དང་མཁའ་དབུགས། བཙོག་སྒྱུར་བཟོ་ལས་ཀྱི་བཙོག་སྐྱོན་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ལ་འབད་དེ། སྲིད་གཞུང་གིས་སྣེ་ཁྲིད་པ་དང་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱེད་པ། ཁེ་ལས་ཀྱིས་བཅོས་སྐྱོང་ལག་བསྟར་བྱེད་པ། དམངས་ཡོངས་ཟབ་ཞུགས་བྱེད་དུ་འཇུག་པ་བཅས་ཀྱི་བཙོག་བཅོས་ལམ་ལུགས་གྲུབ་པར་བྱས་ཡོད། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ། མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དེ་སྔར་གྱི་བརྒྱ་ཆའི་ལྔ་ཡིས་ཇེ་མང་དུ་གཏོང་རྒྱུ་དང་། ཆུ་དང་མཁའ་དབུགས། བཙོག་སྒྱུར་དངོས་པོ་ཐག་གཅོད་ཚད་བརྒྱ་ཆའི་བཞི་བཅུར་སླེབས་སུ་འཇུག་དགོས། བཟོ་ལས་ཀྱི་གད་སྙིགས་ཕྱོགས་བསྡུས་བཀོལ་ཚད་བརྒྱ་ཆའི་དོན་ལྔར་སླེབས་སུ་འཇུག་དགོས། བཟོ་ལས་ཀྱི་ཆུ་བསྐྱར་དུ་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ཡན་ལ་སླེབས་པར་བྱས་ཏེ། ས་གཤིས་ཁོར་ཡུག་སྤུས་ཚད་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ཡོད།