མཚོ་སྔོན་ཞིང་ཆེན་གྱིས་སྒོར་བྱེ་བ་གཉིས་བཏང་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ལག་ནས་ཞབས་ཞུ་ཉོ་བསྡུ་བྱེད་རྒྱུ་རེད།
2017.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། 2017ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་རྩ་འཛུགས་ཀྱི་ལག་ནས་སྤྱི་ཚོགས་བྱ་བའི་ཞབས་ཞུ་དང་སྡོད་ཁུལ་གྱི་དམངས་ཕན་ཞབས་ཞུ་ཉོ་བསྡུ་བྱེད་པའི་ཚོད་ལྟའི་ལ་ལག་བསྟར་ཇུས་གཞི་ཕྱིར་བཏོན་པ་དང་། སྔོན་རྩིས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་སྡེ་ཁག་གིས་སྒོར་བྱེ་བ་གཉིས་བཏང་སྟེ་སྤྱི་ཚོགས་རྩ་འཛུགས་ཀྱི་ལག་ནས་ཞབས་ཞུའི་ལས་གཞི་ཉོ་བསྡུ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཚོགས་རྩ་འཛུགས་སྤྱི་ཚོགས་བྱ་བའི་ཞབས་ཞུ་དང་སྡོད་ཁུལ་གྱི་དམངས་ཕན་ཞབས་ཞུ་ཉོ་བསྡུ་བྱེད་པའི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང་། སྡོད་ཁུལ་དང་སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་བྱ་བའི་ཆེད་ལས་མི་སྣ་མཉམ་འགུལ་བྱེད་པའི་སྡོད་ཁུལ་ཞབས་ཞུའི་རྣམ་པ་འཛུགས་པར་སྐུལ་འདེད་གཏོང་ཆེད། ནོར་སྲིད་པུའུ་ཡི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྲིད་གཞུང་གི་ཞབས་ཞུ་ཉོ་བསྡུ་བྱ་བར་སྦྲེལ་མཐུད་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་དང་ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡི་སྲིད་གཞུང་གིས་ཞབས་ཞུ་ཉེ་བསྡུ་བྱེད་པ་བརྒྱུད་དེ་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་མཛུབ་སྟོན་གྲོས་གཞི། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་སོགས་སྡེ་ཁག་བཅུ་གསུམ་གྱིས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ལག་ནས་སྡོད་ཁུལ་གྱི་ཞབས་ཞུ་ཉོ་བསྡུ་བྱེད་པའི་ཚོད་ལྟའི་ལག་བསྟར་བྱེད་ཐབས་པར་སྐྲུན་འགྲེམ་སྤེལ་བྱེད་པའི་སྐོར་གྱི་བརྡ་སྦྱོར་བཅས་ཀྱི་དགོངས་དན་གཞིར་བཟུང་ནས། 2017ལོའི་མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་རྩ་འཛུགས་ཀྱི་ལག་ནས་སྤྱི་ཚོགས་བྱ་བའི་ཞབས་ཞུ་དང་སྡོད་ཁུལ་གྱི་དམངས་ཕན་ཞབས་ཞུ་ཉོ་བསྡུ་བྱེད་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་རྩ་འཛུགས་ཀྱི་ལག་ནས་སྤྱི་ཚོགས་བྱ་བའི་ཞབས་ཞུ་དང་སྡོད་ཁུལ་གྱི་དམངས་ཕན་ཞབས་ཞུ་ཉོ་བསྡུ་བྱེད་པའི་བྱེད་ཐབས་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད་ཟེར།

ཉོ་བསྡུ་བྱེད་པའི་ཞབས་ཞུའི་ལས་གཞིའི་ནང་དོན་ཐད་ནས། གཅིག་ནས་སྡོད་ཁུལ་གྱི་ལོ་ལོན་དང་དབང་བོ་སྐྱོན་ཅན། ཕ་མ་གམ་དུ་མེད་པའི་བྱིས་པ། བྱ་སྤྱོད་མི་ལེགས་པའི་བྱིས་པ། སྡོད་ཁུལ་གྱི་ཡོ་བསྲང་མི་སྣ་སོགས་དམིགས་བསལ་དཀའ་ཁག་མི་ཚོགས་ལ་ཁ་གཏད་དེ། ཁོ་ཚོར་འགལ་རྩོད་ལ་བར་འདུམ་བྱེད་པ་དང་། མི་གཞུང་སེམས་ཁུར། སེམས་ཁམས་སྣེ་ཁྲིད། སྤྱོད་ཚུལ་ཡོ་བསྲང་། འབྲེལ་བ་ལེགས་སྒྲིག ཐོན་ཁུངས་མཐུན་སྦྱོར། དགེ་སྒྲུབ་རོགས་སྐྱོར། ངལ་རྩོལ་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྤྱི་ཚོགས་བྱ་བའི་ཞབས་ཞུ་དང་། གཉིས་ནས། སྡོད་ཁུལ་གྱི་ལོ་ལོན་དང་དབང་བོ་སྐྱོན་ཅན། ཕ་མ་གམ་དུ་མེད་པའི་བྱིས་པ། ལས་ཤོར་མི་སྣ། དྭ་ཕྲུག ཕ་མའི་མི་གཉོར་བ་དང་མནར་གཅོད་མྱོང་བཞིན་པའི་ནར་མ་སོན་པའི་མི། མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་སོགས་དམིགས་བསལ་དཀའ་ཁག་མི་ཚོགས་ལ་ཁ་གཏད་དེ། གཉོར་སྐྱོང་བྱེད་པ་དང་ཁྱིམ་ལས་ལས་རོགས་བྱེད་པ། སྨན་ཁང་དུ་སྡོད་སྐབས་ནད་གཡོག་བྱེད་པ། བདེ་ཐང་ལུས་དཔྱད། སྨན་པར་རོགས་བྱས་ནས་ནད་གསོ་བྱེད་པ། ཁྲིམས་ལུགས་རོགས་སྐྱོར། རིག་གནས་ལུས་རྩལ་རྩེད་འཇོ་དང་འཚོ་བའི་རོགས་སྐྱོར་སོགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྡོད་ཁུལ་དམངས་ཕན་ཞབས་ཞུ་གཉིས་འདུས།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་བསྡུས་སྒོས་ས་ཆ་སོ་སོའི་སྤྱི་ཚོགས་རྩ་འཛུགས་ཀྱི་འཚར་ལོངས་འཚར་གཞི་ཚད་གཞི་དང་དང་ལེན་ནུས་པར་བསམ་གཞིགས་བཏང་ནས། ད་ལོར་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་དཀྱིལ་ཁུལ། མཁར་ནུབ་ཁུལ། ཏ་ཐུང་རྫོང་། ཧོང་ཀྲུང་རྫོང་། ཧོང་ཡོན་རྫོང་། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྡོད་ཁུལ་དང་ཞིང་སྡེའི་གཞིས་ཁུལ་བཅས་ནས་ཞབས་ཞུའི་ལས་གཞི་ཉོ་བསྡུ་བྱ་བ་སྤེལ་རྒྱུའི་ཐག་བཅད།