གཙང་གསུམ་འབྱུང་ཡུལ་གྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་རིམ་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་པེ་ཅིན་ནས་ཚོགས།
2017.05.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

 ཉེ་ལམ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མཐོ་རིམ་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་། འབྲེལ་ཡོད་སྡེ་ཁག་གི་འཐུས་མི་དང་ཆེད་མཁས་པ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འཐུས་མི་བཅས་གཞི་གཅིག་ཏུ་འཛོམས་ཏེ། གཙང་གསུམ་འབྱུང་ཡུལ་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་གནད་དོན་སྐོར་ལ་མཉམ་དུ་ཞིབ་འཇུག་གྲོས་བསྡུར་བྱས།
ཐེངས་འདིའི་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་ནི་ཀྲུང་གོའི་ཆུ་བེད་དུས་དེབ་ཀྱི་ཆེད་མཁས་ཨུ་ཡོན་ཚོགས་པས་གཙོ་སྒྲུབ་དང་། ཆུ་བེད་པུའུ་ཆུའི་ཐོན་ཁུངས་ཟི་ཡིས་མཛུབ་སྟོན་བྱས་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གཉིས་ཀྱིས་རོགས་སྒྲུབ་བྱས་ཤིང་། ཀྲུང་གོའི་ཆུ་བེད་ཚགས་པར་ཁང་དང་ཆུ་བེད་པུའུ་ཆུའི་ཐོན་ཁུངས་གཉིས་ཀྱིས་འགན་སྒྲུབ་བྱས་པ་རེད།
ཉེ་བའི་ལོ་འགའི་རིང་གི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་ངེས་ཅན་ཐོབ་ཡོད་དེ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་ཀྱི་ཉིང་བཅུད་མཐོར་འདེགས་སུ་ཕྱིན་པ་དང་རྨ་ཆུའི་མགོ་ཁུངས་ཀྱི་སྐམ་ཟིན་པའི་མཐོ་སྒང་གི་མཚེའུ་མང་པོ་ཞིག་བསྐྱར་སོས་བྱུང་ཡོད་ལ། སྐྱེ་ཁམས་ནུས་པ་མངོན་གསལ་གྱིས་སླར་གསོ་བྱུང་སྟེ། འབྲི་ཆུ་དང་རྫ་ཆུའི་ཆུ་གཤིས་ཇེ་ལེགས་སུ་ཕྱིན་ནས་སྐྱེ་དངོས་སྣ་མང་མངོན་གསལ་དོད་པོས་ཇེ་མང་དུ་སོང་ཡོད། ཡིན་ནའང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བཞིན་ཉམས་ཞན་ཡིན་པས། ཀྲུང་ཧྭའི་ཆུ་མཛོད་རྒྱུན་མཐུད་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་ཆེད། ངེས་པར་དུ་དྭངས་གསལ་གྱི་ཆུ་བོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཆགས་པར་བྱེད་དགོས་པ་དང་། ཡང་དག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བྱེད་པའི་འབྲེལ་བ་གཉིས་ཐག་གཅོད་བཟང་པོ་བྱེད་དགོས། ངེས་པར་དུ་སྐྱེ་ཁམས་ཁ་གསབ་ཀྱི་ནང་རྐྱེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ངེས་པར་དུ་སྒྲིག་སྲོལ་ནང་རྐྱེན་གྱི་གསར་སྐྲུན་ཇེ་མགྱོགས་སུ་གཏོང་བ། ངེས་པར་དུ་ཚན་རྩལ་གསར་སྐྲུན་གྱིས་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པ་ཇེ་མགྱོགས་སུ་གཏོང་བ། གཙང་གསུམ་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ལ་ངེས་པར་དུ་ཁྱབ་ཁོངས་ཀྱི་སྤྱི་ཡོངས་ནས་མགོ་བརྩམས་ཏེ་གཙང་གསུམ་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནད་དོན་ལ་ཞིབ་འཇུག་བྱེད་པར་དམིགས་ནས། འཁྱགས་ཀླུང་མཚེའུ་དང་མཐོ་སྒང་གི་སྤང་ས། ན་འདམ་བརླན་ས་སོགས་སྐྱེ་ཁམས་མ་ལག་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་དང་གཅིག་གྱུར་གྱིས་སྲུང་སྐྱོབ་བྱེད་དགོས།
ཞིབ་འཇུག་གྲོས་བསྡུར་ཚོགས་འདུའི་སྟེང་། ཆེད་མཁས་པ་རྣམས་ཀྱིས་མིག་སྔར་གཙང་གསུམ་འབྱུང་ཡུལ་དུ་ལག་བསྟར་བྱས་པའི་ཕྱུགས་གྲངས་ཚོད་འཛིན་དང་ཞིང་ས་སྙོམས་སྒྲིག སྐྱེ་ཁམས་ཁ་གསབ་སོགས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་འཐབ་ཇུས་གཙོ་གནད་དུ་བཞག་ནས་མཚམས་སྦྱོར་བྱས་པར་མ་ཟད། གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་ལ་དམ་དུ་འབྲེལ་ནས་ཆུའི་འབྱུང་ཁུངས་ཀྱི་ཉིང་བཅུད་ལ་ཤུགས་སྣོན་དང་ཕྱུགས་ཟོག་གི་ཁ་གྲངས་ཚོད་འཛིན་ནན་མོ་བྱེད་པ། ཞིང་ཕྱུགས་ཟུང་སྦྲེལ་གྱི་ཐོན་ལས་སྒྲིག་གཞི་འོས་འཚམས་ཀྱིས་སྙོམས་སྒྲིག་བྱེད་པ། ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁ་གསབ་སོགས་ཟུར་སྣེ་མི་འདྲ་བ་ནས་མགོ་བརྩམས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་བྱེ་བྲག་གི་བསམ་འཆར་དང་བྱེད་ཐབས་བཏོན།