དབུལ་སྐྱོར་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་འདེགས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་བྱ་བར་འབྲེལ་བ་དམ་ཟབ་ཡོད་པའི་འགན་ནུས་པུའུ་ནས་ཆེད་ལས་ལས་བྱེད་པ་བཅུ་གཉིས་སྐོང་འཐེན་བྱས་ནས་ཞིང་ཆེན་དབུལ་སྐྱོར་ཅུའུ་རུ་མངགས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཞུགས་སུ་བཅུག་སྟེ་དུས་བཅད་ལྟར་དབུལ་ཐར་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་སྐོང་འཐེན་བྱས་པའི་ལས་བྱེད་པ་བཅུ་གཉིས་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ལྔ་བ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་བར་ལས་བྲལ་བྱེད་པའི་བྱེད་ཐབས་ལྟར་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ལས་སྒོའི་བྱ་བར་ཞུགས་རྒྱུ་རེད། སྐོང་འཐེན་བྱས་པའི་ལས་བྱེད་པས་དོན་དངོས་དང་མཐུན་པའི་སྒོ་ནས་ནུས་པ་འདོན་སྤེལ་བྱེད་ཆེད་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གནད་ཕིགས་བདམས་བཀོལ་དང་ཚན་རིག་དོ་དམ་བྱ་བར་མཐོང་ཆེན་བྱས་ཏེ། གཅིག་ནས་ལོ་ཞེ་ལྔའི་གཡས་གཡོན་གྱི་ཏང་གཤིས་དྲག་པ་དང་དོ་དམ་བྱེད་མཁས་པ། འགན་ཁུར་ཐུབ་པའི་རེ་བ་གཞིར་བཟུང་ནས་རོང་འབྲོག་ཁུལ་གྱི་གཞི་རིམ་གནས་ཚུལ་དང་དབུལ་སྐྱོར་བྱ་བར་ཆ་རྒྱུས་ཡོད་པ། མགོ་ཁྲིད་ཀྱི་ཉམས་མྱོང་བཟང་བོ་ཡོད་པའི་ཐིན་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པར་བསྐོ་འཇོག་བྱས་ཏེ་མགོ་ཁྲིད་སྡེ་ཁག་གི་ནུས་པ་ཇེ་དྲག་ཏུ་བཏང་བ་དང། འཕེལ་རྒྱས་ནུས་ཤུགས་ངེས་ཅན་ཡོད་པའི་ཁྲུའུ་རིམ་པའི་ཕུལ་བྱུང་ན་གཞོན་མགོ་ཁྲིད་པ་བཅུ་གཅིག་སྐོང་འཐེན་བྱས་ནས་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ལས་ཁུངས་སུ་མངགས་ནས་ལས་བྱེད་པའི་དཔུང་སྡེའི་གསོན་ཤུགས་ཇེ་དྲག་ཏུ་བཏང་། གཉིས་ནས་དབུལ་སྐྱོར་ལས་བྱེད་པའི་དཔུང་སྡེའི་ཁྲོད་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ལ་དམིགས་ནས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་དྲིལ་སྒྲོག་པུའུ། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་ཐིན། ཞིང་ཕྱུགས་ཐིན་སོགས་སྡེ་ཁག་ནས་ལྟ་སྐུལ་དང་དྲིལ་སྒྲོག ལས་གཞི་མཐུན་སྦྱོར། མ་དངུལ་རྩིས་བཤེར། ཐོན་ལས་དབུལ་སྐྱོར་སོགས་ཕྱོགས་ཀྱི་བྱ་བར་ཆ་རྒྱུས་ཡོད་པ་དང་དབུལ་ཐར་མཁྲེགས་གཏོར་ཁྲོད་སྲིད་ཇུས་དམ་འཛིན་དང་མགོ་ཁྲིད་དེ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ་པའི་རྐང་འཛིན་ལས་བྱེད་མི་སྣ་སྐོང་འཐེན་བྱས་ནས་ཆེད་ལས་ཀྱི་མི་འདང་ས་ཁ་གསབ་བྱས། གསུམ་ནས་སྐོང་འཐེན་སྐབས་སུ། ཞིང་ཆེན་རྩ་འཛུགས་པུའུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ། སྐོང་འཐེན་བྱས་པའི་ལས་བྱེད་པའི་ལས་ཁུར་བྱེད་སའི་སྡེ་ཁག་གི་ཏང་ཙུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྐོང་འཐེན་བྱས་པའི་ལས་བྱེད་པའི་ལྟ་སྐུལ་དོ་དམ་ནུས་པར་ཤུགས་བསྣན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་ནས་ལས་བྱེད་པར་བརྟག་དཔྱད་དང་སྦྱོང་བརྡར་བྱས་ནས་གྲུབ་འབྲས་འབུར་ཐོན་ཡིན་པའི་ལས་བྱེད་པ་དུས་ཐོག་ཏུ་བཀོལ་སྤྱོད་བྱས།