འཛམ་གླིང་དཔེ་ཀློག་ཉིན་མོའི་སྔ་ནུབ་ཏུ། སློབ་རའི་རིག་གནས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། རྒྱ་ཆེའི་དགེ་སློབ་ཚོས་དཔེ་མཛོད་ཁང་གི་ཡིག་ཚགས་ཆ་འཕྲིན་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱེད་པར་སྐུལ་སློང་བྱེད་ཆེད། མཚོ་སྔོན་སློབ་ཆེན་གྱིས་དུས་ཡུན་ཉིན་བདུན་རིང་གི་དཔེ་ཀློག་མུ་འབྲེལ་བྱ་འགུལ་སྤེལ།
ཐེངས་འདིའི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མང་བ་དང་། བྱ་འགུལ་སྐབས་སུ་མཚོ་སྔོན་སློབ་ཆེན་གྱིས་སློབ་གྲྭའི་སྔོན་ཆད་ཀྱི་སློབ་མ། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཞིང་ཆེན་གྱི་ལྷུག་རྩོམ་རྩོམ་པ་པོ་ཀྲང་ཡུན་ལེན་མཚོ་སྔོན་སློབ་ཆེན་དཔེ་མཛོད་ཁང་དུ་གདན་ཞུ་བྱས་ནས་ཀློག་པ་པོ་དང་ཐུག་འཕྲད་བྱས་པ་དང་། གསར་རྩོམ་གྱི་མྱོང་ཚོར་ཐད་ནས་བརྗེ་རེས་བྱས། ཀྲང་ཡུན་ལེན་གྱིས་རང་ཉིད་ཀྱི་ལྷུག་རྩོམ་བརྩམས་ཆོས་དང་ཟུང་འབྲེལ་བྱས་ཏེ། ཁོ་མོའི་ཨན་ཧོས་ཞིང་སྡེའི་བྱིས་པའི་དུས་ཀྱི་འཚོ་བ་དང་གསར་རྩོམ་གྱི་མྱོང་ཚོར། བྱ་བའི་རྒྱུད་རིམ་ཐད་ནས་གླེང་མོལ་བྱས། དེ་དང་མཉམ་དུ་ཁོ་མོས་ན་གཞོན་སློབ་མ་ཚོས་དཔེ་ཀློག་བྱེད་པ་དང་དཔེ་ཆ་བཟང་བོ་བཀླགས་ནས། རྗེས་ཕྱོགས་ཀྱི་བྱ་བ་དང་སློབ་སྦྱོང་ཁྲོད། ཆེད་ལས་ཞིབ་འཇུག་གི་ཞོར་དུ་རང་ཉིད་ཀྱི་མི་ཚེ་དང་འབྲེལ་བའི་བསམ་གཞིགས་དང་གྲོགས་པོའི་བར་གྱི་མཛའ་བརྩེ། མཛེས་སྡུག་གི་བྱ་དངོས་ཐད་ཀྱི་ངོས་ཟིན་ཟིན་ཐོར་འགོད་རྒྱུའི་འབོད་སྐུལ་བཏང་།