ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་ལ་དམིགས་ནས་ཐུམ་འབུའི་ནད་དང་གཅོང་ནད། ནད་དུག་རང་བཞིན་གྱི་མཆིན་ཚད། ཨེ་ཙི་ནད་སོགས་འགོས་ནད་རང་བཞིན་གྱི་ནད་རིགས་ལ་ཁ་གཏད་དེ་གནད་ཕིགས་བདེ་ཐང་དབུལ་སྐྱོར་བྱ་བ་ལག་བསྟར་བྱས་པ་དང་ལས་བྱེད་མི་སྣ་རྩ་འཛུགས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཁྱོན་ཡོངས་ནས་བདེ་ཐང་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབས།
རྗེས་ཕྱོགས་མགོ་ལོག་ཁུལ་གྱིས་ནུས་ཡོད་སྒོས་སྨན་བཅོས་ཐོན་ཁུངས་གཅིག་བསྡུས་བེད་སྤྱོད་བྱེད་པ་དང་ཁུལ་རིམ་པ་ནས་ཆེད་ལས་ཞིབ་བཤེར་དཔུང་སྡེ་དྲུག་རྩ་འཛུགས་བྱེད་པ། རྫོང་རིམ་པ་ནས་ཉུང་མཐར་ཡང་ཆེད་ལས་ཞིབ་བཤེར་དཔུང་སྡེ་གཅིག་རྩ་འཛུགས་བྱས་ཏེ་གྲོང་སྡེ་དང་སློབ་གྲྭར་ཟབ་ཞུགས་བྱེད་པ་དང་ཁྱོན་ཡོངས་ནས་ཐུམ་འབུའི་ནད་སོགས་ནད་རིགས་བཞིའི་ཞིབ་བཤེར་བྱ་བ་སྤེལ་ནས་ད་ལོར་ཁུལ་ཡོངས་ཀྱི་མི་འབུམ་གཉིས་ལ་ཞིབ་བཤེར་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་རྒྱུ་རེད། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ས་གནས་རང་བཞིན་གྱི་འགོས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། མ་ལག་རང་བཞིན་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མགོ་ལོག་ཁུལ་རང་གི་འགོས་ནད་འགོག་བཅོས་དྲིལ་སྒྲོག་དང་བདེ་ཐང་སློབ་གསོའི་རྒྱུ་ཆ་སྒྲིག་བཟོ་བྱེད་པ་དང་། སློབ་གཉིས་བྱེད་གཅིག་དང་གནད་ཕིགས་དབུལ་སྐྱོར། མི་རིགས་མཐུན་སྒྲིལ་ཡར་ཐོན། སྦྲེལ་གསུམ་བྱེད་བཞི་སོགས་ཀྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས་ནད་རིགས་འགོག་བཅོས་དྲིལ་སྒྲོག་སློབ་གསོ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་རྒྱུ་རེད། ཐུམ་འབུའི་ནད་ཀྱི་འགོག་བཅོས་དྲིལ་སྒྲོག་སློབ་གསོ་དང་འགོག་བཅོས་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པར་ཤུགས་བསྣན་ནས་ལོ་རེར་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཆེད་ལས་མི་སྣ་དང་ཆེད་ལས་མིན་པའི་མི་སྣ་སྟོང་གཉིས་ལྷག་ལ་གསོ་སྦྱོང་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་བྱ་བར་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།
དེ་དང་མཉམ་དུ། ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པ་དང་སྨན་བཅོས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། ཁུལ་དང་རྫོང་གི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁུལ་ཡོངས་ཀྱིས་ལོ་རེར་ས་གནས་ནད་རིགས་གཙོ་བོའི་ཐད་བཀོལ་བའི་མ་དངུལ་སྒོར་བྱེ་བ་གསུམ་ལ་སླེབས་པར་འགན་སྲུང་བྱེད་པ་དང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མཉམ་སྒུལ་རོགས་ལས་དང་ཚན་རིག་དང་མཐུན་པའི་ནུས་ཡོད་བྱེད་ཐབས་སྤྱད་དེ་ཞིབ་བཤེར་བྱས་ནས་ནད་གཞི་གཏན་ཁེལ་བྱས་པའི་ཐུམ་འབུའི་ནད་པ་དང་ནད་དུག་རང་བཞིན་གྱི་མཆིན་ཚད་ནད་པ་སོགས་ཀྱིས་སྨན་བཅོས་དམངས་ཕན་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱེད་རྒྱུ་རེད།