གསར་འགོད་པས་ཉེ་ལམ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཐིལ་རྟོགས་ཞིབ་བཤེར་དང་འགུལ་སྐྱོད། སྤྱི་བསྡོམས་བཅས་དུས་རིམ་བརྒྱུད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆུ་སྔོན་འགུལ་སྐྱོད་ཀྱིས་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་མང་པོ་རྩད་ཆོད་ནས་ཐག་བཅད་དེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་ཇེ་གཙང་དུ་བཏང་། ཐེངས་འདིའི་ཆུ་སྔོན་འགུལ་སྐྱོད་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཚུན་གྱི་གཅིག་བསྡུས་གཅིག་གྱུར་གྱི་སྐོར་ཞིབ་ཁྲིམས་འཛིན་འགུལ་སྐྱོད་ཐེངས་དང་པོ་ཡིན།
སྐོར་ཞིབ་བྱེད་སྐབས། བསྡོམས་པས་རླངས་འཁོར་ལྔ་བརྒྱ་ལྷག་བཏང་བ་དང་། མི་ཐེངས་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་བཀོད་སྒྲིག་བྱས་ལ། ལམ་ཐག་སྤྱི་ལེ་ཁྲི་བཞི་ལྷག་ཏུ་བསྐྱོད་པ་མ་ཟད། དག་ཐེར་བཅོས་སྐྱོང་བྱེད་པའི་བརྡ་སྦྱོར་ཡི་གེ་བརྒྱ་དང་ཉི་ཤུ་ལྷག་བཀྲམས་པ་དང་། ཁྲིམས་འགལ་ཁུངས་སྣེ་བརྒྱ་དང་ཉི་ཤུ་ལྷག་རྙེད་ལ། རི་སྐྱེ་རི་དྭགས་འཚོ་གནས་བྱེད་ས་སོ་བཞི་དང་། ཆུ་ལམ་རྡོ་སེག་བཟོ་གྲྭ་གྱ་དྲུག གཏེར་ཁ་སྔོག་འདོན་བྱེད་ཤུལ་ཉེར་བཞི། ཤིང་ཆ་ལས་སྣོན་བཟོ་གྲྭ་ང་དྲུག ཕྱོགས་བསྡུས་ཚོང་ར་ཉེར་ལྔ། སྒེར་ཚོང་ཚོང་ཁང་ཉིས་བརྒྱ་དང་གྱ་བདུན། མགྲོན་ཁང་ཉེར་དགུ་བཅས་ལ་བརྟག་བཤེར་བྱས་པ་དང་། ཁྲིམས་འགལ་ཤིང་ཆ་ལས་སྣོན་བཟོ་གྲྭ་བཅུ་གཉིས་ལ་ལས་མཚམས་བཞག་ནས་དག་ཐེར་བཅོས་སྐྱོང་བྱེད་དུ་བཅུག་པ་དང་། རྡོ་ཟེགས་རྒྱུ་ཆས་བཟོ་གྲྭ་བཅུ་གསུམ་གྱི་སྒོ་བརྒྱབ་ལ། སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་བྱས་པའི་སྲིད་འཛིན་གྱོད་གཞི་བདུན་ཅུ་དང་ཉེས་དོན་གྱོད་གཞི་གཉིས་དང་ལེན་བྱས་པ་དང་། གྱོད་གཞི་ང་གཉིས་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་སྡེ་ཁག་དང་མི་སྒེར་ལྔ་བཅུ་ལ་ཆད་གཅོད་བྱས་པ་དང་། སྒོར་འབུམ་གསུམ་དང་ཁྲི་གཉིས་ལྷག་གིས་ཆད་པ་བཅད།
ཆེད་དོན་འགུལ་སྐྱོད་བརྒྱུད་དེ། སྲུང་སྐྱོབ་ཁུལ་ནང་གི་སྐྱེ་ཁམས་སླར་གསོ་གནས་ཚུལ་ཇེ་བཟང་དུ་སོང་བ་དང་། གཉན་པོ་གཡུ་རྩེ་ལྗོངས་རྒྱུ་ཁུལ་གྱི་བསང་ཕུད་ས་དང་མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་གྱི་གངས་རི་ཞང་ཞབས་ཞུ་ས་ཚིགས། མྱུར་བགྲོད་གཞུང་ལམ་གྱི་ཕྱིར་འབུད་ས་སོགས་བཟོ་སྐྲུན་སྒྲིག་ཆས་ཆེ་རིགས་མེད་པར་བཟོས་པ་མ་ཟད་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ། མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་འགྲམ་རྒྱུད་ཀྱི་ལས་གཞི་པུའུ་དང་བཟོ་སྐྲུན་བྱེད་ས་བཞི་བཅུ་ལྷག་མེད་པར་བཟོས་པ་དང་། སླར་གསོ་བྱ་བ་ད་ལྟ་སྤེལ་བཞིན་པའི་སྒང་ཡིན་ལ། རྡོ་ཟེགས་བཟོ་གྲྭ་སྐོར་ཞིག་ལ་ས་བཏིངས་ནས་རྩྭ་བཏབ།
དེ་ལས་གཞན། ཆེད་དོན་འགུལ་སྐྱོད་སྐབས་སུ་སྐོར་ཞིབ་ཚན་ཆུང་སོ་སོས་སྲིད་ཇུས་དང་ཁྲིམས་ལུགས་དྲིལ་སྒྲོག་བྱེད་རྒྱུ་དེ་ནང་དོན་གཙོར་བཟུང་ནས་སྤེལ་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་འཛུགས་སྐྲུན་ནང་དོན། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག རི་སྐྱེས་རི་དྭགས་སྲུང་སྐྱོབ་བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས། མེ་འགོག་སྲོལ་ཡིག ནགས་ཚལ་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་རྒྱལ་ཁབ་སྲིད་ཇུས་དྲིལ་སྒྲོག་བཟང་བོ་བྱས་མཐར། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རང་བྱུང་སྲུང་སྐྱོབ་ཁུལ་སྐྱེ་ཁམས་འཛུགས་སྐྲུན་ཐད་ཀྱི་ངོས་འཛིན་དང་ཁྲིམས་ལུགས་ཆུ་ཚད་མཐོར་འདེགས་བྱས།