མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་འགལ་གྱིས་གསེར་ཉ་ལྐོག་འཛིན་བྱེད་པའི་གྱོད་དོན་གཉིས་རྩད་ཆོད།
2017.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཉ་སྲིད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབྱར་དུས་ཀྱི་མཚོ་བཀག་ཉ་གསོའི་བྱ་བ་བདེ་བླག་ངང་སྤེལ་ཆེད། ཉེ་ལམ། ཞིང་ཆེན་ཉ་སྲིད་དོ་དམ་སྤྱིའི་ས་ཚིགས་ཀྱིས་སྣེ་ཁྲིད་དེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཉ་སྲིད་ཁྲིམས་འཛིན་ཡན་ལག་རུ་ཁག་དང་མདའ་བཞི་རྫོང་ཉ་སྲིད་དོ་དམ་ཅུའུ་གཉིས་དང་མཉམ་དུ་མཉམ་འབྲེལ་ཁྲིམས་འཛིན་ཚན་ཁག་བཙུགས་ཏེ་མཚོ་སྔོན་པོའི་མཐའ་འཁོར་དུ་ཁྲིམས་འགལ་གྱིས་གསེར་ཉ་ལྐོག་འཛིན་བྱེད་པའི་དོན་རྐྱེན་མང་དུ་འབྱུང་སའི་ཁུལ་ཁོངས་ལ་དམིགས་ཏེ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་གྱིས་གསེར་ཉ་ལྐོག་འཛིན་བྱེད་པའི་གྱོད་དོན་གཉིས་རྩད་ཆོད།

ད་ལོའི་ཟླ་བཞི་ཚེས་བཅུ་བདུན་ཉིན་ནས་བཟུང་། མཉམ་འབྲེལ་ཁྲིམས་འཛིན་ཚན་ཆུང་གིས་ཁྲིམས་འཛིན་རླངས་འཁོར་གསུམ་དང་ཁྲིམས་འཛིན་མི་སྣ་བཅུ་གསུམ་མངགས་ཏེ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་མཚོ་འཁྱིལ་གྲུ་ཁ་ནས་ཉིན་ཞག་གསུམ་ལ་འགོག་སྲུང་བྱས་པ་དང་། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་ནམ་གུང་གི་དུས་ཚོད་གསུམ་གྱི་ཐོག་ཁྲིམས་འགལ་གྱིས་མཚོ་སྔོན་པོའི་གསེར་ཉ་ལྐོག་འཛིན་བྱས་པའི་གྱོད་དོན་དང་འབྲེལ་བ་ཡོད་པའི་རླངས་འཁོར་ཞིག་རྙེད། རླངས་འཁོར་དེའི་ནང་དུ་མཚོ་སྔོན་པོའི་གསེར་ཉ་སྤྱི་རྒྱ་དགུ་བརྒྱ་དང་སོ་གཉིས་དྲུད་ཡོད་པ་དང་ཀོ་གྲུ་གཉིས་ཡོད། དོགས་ཡོད་ཉེས་ཅན་གསུམ་གྱི་ཁྲོད་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས་པ་དང་གཞན་པ་གཉིས་འཛིན་བཟུང་བྱེད་སྐབས་མུན་ནག་ཁྲོད་དུ་བྲོས་བྱོལ་བྱས་པ་རེད། མཉམ་འབྲེལ་ཁྲིམས་འཛིན་མི་སྣས་གྱོད་དོན་འདི་མཚོ་སྔོན་ཞིང་ཆེན་ཆུ་ཐོག་སྤྱི་བདེ་ཅུའུ་ལ་སྤྲད་དེ་ཐོ་འགོད་དང་བརྟག་དཔྱད་བྱེད་བཞིན་ཡོད།

ཟླ་ལྔ་བའི་ཚེས་ལྔ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་སྟེང་མདའ་བཞི་རྫོང་ཉ་སྲིད་དོ་དམ་ཅུའུ་ཁྲིམས་འཛིན་རུ་ཁག་གིས་ཀན་ཙི་ཆུ་བོའི་ཨ་ཐན་ཆུ་ཁོངས་ཀྱི་མཐའ་འཁོར་དུ་སྐོར་ཞིབ་བྱེད་སྐབས་མཚོ་ཐོག་ཏུ་རྒྱུན་ལྡན་མིན་པའི་གློག་འོད་ཡོད་པ་མཐོང་ནས་ཁངས་ཆར་ལ་མ་འཛེམ་པར་དུས་ཚོད་ལྔ་བཅུའི་རིང་འགོག་སྲུང་བྱས་པ་བརྒྱུད། ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་ནམ་གུང་གི་དུས་ཚོད་གཅིག་དང་སྐར་མ་བདུན་གྱི་སྟེང་འབྲོག་ཁྱིམ་ཞིག་ནས་ཁྲིམས་འགལ་གྱིས་གསེར་ཉ་ལྐོག་འཛིན་བྱེད་པའི་ཉེས་ཅན་གསུམ་འཛིན་བཟུང་བྱས་པ་དང་ཁྲིམས་འགལ་གྱི་རླངས་འཁོར་ཞིག་རྩད་ཆོད། རླངས་འཁོར་དེའི་སྟེང་དུ་མཚོ་སྔོན་པོའི་གསེར་ཉ་སྤྱི་རྒྱ་ལྔ་དང་ཀོ་གྲུ་གཅིག་སོགས་ཡོད།

མིག་སྔར་གྱོད་དོན་འདི་ལ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན།