མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་འགན་དོན་འཁྱོལ་བྱེད་པའི་ཆེད་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ་མགོ་བརྩམས།
2017.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མཚོ་སྔོན་ཞིང་ཆེན་ཡོངས་གྱི་ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པའི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་ཤུགས་སྣོན་པ་དང་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། ཟླ་ལྔ་བའི་ཚེས་བཅུ་ཉིན་ནས་བཟུང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གཉིས་ཀྱིས་ཞིང་ཆེན་ཡོངས་སུ་མཉམ་འབྲེལ་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་འགན་དོན་འཁྱོལ་བྱེད་པའི་ཆེད་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསྒྱུར་པ་བཞིའི་བསམ་ཕྱོགས་གསར་བ། ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ལ་དམ་དུ་དམིགས་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བློ་མཐུན་གྱི་ཁོངས་མིར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་གཙོ་བོ་སྒྲོག་འགྲེལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པའི་བྱ་བ་དང་སྐྱེ་ཁམས་དཔལ་ཡོན་ལ་དཔྱད་ཞིབ་བྱེད་པའི་གལ་ཆེའི་དོན་སྙིང་དང་སྤྱིའི་བླང་བྱ་སྒྲོག་འགྲེལ་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ལས་འགན་གཏན་འབེབས་བྱེད་པའི་ཚོད་ལྟ་དང་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམིགས་འབེན་ལ་གདེང་འཇོག་དཔྱད་ཞིབ་བྱེད་ཐབས་ཀྱི་ཚོད་ལྟ་འགྲེལ་གློག་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་བྱེད་པའི་འབྲེལ་ཡོད་གཏན་འབེབས་འགྲེལ་ཀློག་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གཙོ་བོར་ངོས་འཛིན་བྱེད་ཚད་ཇེ་དྲག་ཏུ་གཏོང་རྒྱུ་རེད།

སྒྲོག་འགྲེལ་སྐབས་སུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གཉིས་ཀྱིས་སྒྲོག་འགྲེལ་ཚོགས་པ་གཉིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པར་མ་ཟད་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣར་བཞུགས་མོལ་བྱེད་པ་དང་ཕྱོགས་སོ་སོའི་བསམ་འཆར་དང་ཇུས་གཞིར་ཉན་ནས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་དངོས་ཡོད་གནད་དོན་ཐད་ནས་འགྲེལ་བཤད་བྱེད་རྒྱུ་རེད།