མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་རྫོང་རིམ་པའི་སྨན་ཁང་གིས་ཞང་གྲོང་གི་འཕྲོད་བསྟེན་ཁང་ལ་རོགས་སྐྱོར་བྱས།
2017.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་མཁར་ཞང་སྡོད་དམངས་དང་རོང་འབྲོག་དམངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ཉེ་སྔོན། ཆི་ལེན་རྫོང་མི་དམངས་སྨན་ཁང་དང་ཆི་ལེན་རྫོང་བོད་སྨན་ཁང་གཉིས་ཀྱིས་ཁྱོན་ཡོངས་ནས་ཁི་ཁི་ལེ་འཕྲོད་བསྟེན་ཁང་འཛུགས་སྐྲུན་དང་བོད་སྨན་ཁང་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པར་མ་ཟད་རྩིས་སྤྲོད་བྱས་ཏེ་བཀོལ་སྤྱོད་བྱེད་བཞིན་ཡོད།

ཆི་ལེན་རྫོང་མི་དམངས་སྨན་ཁང་གིས་རིན་ཐང་སྒོར་ཁྲི་གཅིག་ལྷག་ཡིན་པའི་སྨན་སྒམ་དང་སྨན་རྫས། གློག་ཀླད་སོགས་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་བྱིན་པ་དང་། འཕྲོད་བསྟེན་ཁང་གིས་ཞང་དང་སྡེ་བ་རིམ་པའི་སྨན་བཅོས་མི་སྣར་དོ་དམ་བྱས་ཏེ་མཉམ་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་འཁུར་བའི་དོ་དམ་མ་ལག་དང་ནང་རྐྱེན་བཙུགས་པ་དང་། སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་བྱེད་ཐབས་དང་བོད་སྨན། ཁབ་བཙའ། ཚ་ལུམས་སོགས་སྨན་བཅོས་ལག་རྩལ་ཞབས་ཞུ་སྤེལ་བས་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ནུས་ཡོད་སྒོས་ཞང་གྲོང་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ཐོན་ཁུངས་མི་འདང་བ་དང་གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་དམའ་བ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས།

འབྲོག་པ་མང་ཚོགས་རྣམས་ཀྱི་དེང་རབས་ཚན་རྩལ་སྨན་བཅོས་དང་འཕྲོད་བསྟེན་བདེ་ཐང་ཤེས་བྱའི་ཐད་ཀྱི་ངོས་ཟིན་ལ་ཚད་བཀག་ཡོད་པར་དམིགས་ནས་ཆི་ལེན་རྫོང་མི་དམངས་སྨན་ཁང་གིས་ལས་རིགས་རྐང་འཛིན་མི་སྣ་སྐོར་སྐོང་འཐེན་བྱས་ཏེ་གཞི་རིམ་སྨན་ཁང་དང་ཁི་ཁི་ལེ་འཕྲོད་བསྟེན་ཁང་དུ་ཟབ་ཞུགས་བྱེད་དུ་བཅུག་ནས་ཁི་ཁི་ལེ་བོད་སྨན་ཁང་ལ་རོགས་སྐྱོར་བྱས་ཏེ་འཛུགས་སྐྲུན་ལས་འགན་ལག་བསྟར་བྱེད་པ་དང་བྱ་བའི་ཁྲོད་གནས་པའི་གནད་དོན་ཐག་གཅོད་རོགས་བྱས་པས་ཞང་ཏང་ཨུ་དང་སྲིད་གཞུང་། ས་དེའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཁས་ལེན་དང་རྒྱབ་སྐྱོར་ཐོབ།