མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་གནད་ཕིགས་གསོ་སྦྱོང་ལ་བརྟེན་ནས་གནད་ཕིགས་དབུལ་སྐྱོར་བྱ་བར་སྐུལ་འདེད་བཏང་།
2017.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

 ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྨར་ཁོག་ཞང་གི་དམངས་ཁྲོད་རིག་རྩལ་རུ་ཁག་གིས་རང་གིས་བརྩམས་ཤིང་རང་གིས་འཁྲབ་སྟོན་བྱས་པའི་རིག་རྩལ་ལེ་ཚན་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། འཁྲབ་སྟོན་རུ་ཁག་དེ་ནི་སྨར་ཁོག་ཞང་གིས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་རིག་གནས་ཆུ་ཚད་ངེས་ཅན་ཡོད་པ་དང་རིག་རྩལ་ལ་དགའ་བའི་ན་གཞོན་བདམས་ཏེ་རྩ་འཛུགས་བྱས་པ་ཡིན། འཁྲབ་སྟོན་རུ་ཁག་དེར་མིག་སྔའི་བར་བསྡོམས་པས་བྱ་དགའི་དངུལ་ཁྲི་བདུན་ལྷག་ཐོབ་ཡོད།

པདྨ་རྫོང་དབུལ་སྐྱོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར། པདྨ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་ཞན་པ་དང་ལས་ཞུགས་བྱེད་དཀའ་བ། ཡོང་སྒོ་འཕར་ཏེ་ཕྱུག་འགྱུར་བྱེད་དཀའ་བའི་དངོས་ཡོད་གནད་དོན་ལ་དམིགས་ནས། གཟབ་ནན་གྱིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ལས་ཞུགས་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་དང་ཧུར་ཐག་གིས་ལས་གཞི་བརྩོན་ལེན་དང་། མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ངལ་རྩོལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་།

ཧུར་ཐག་གིས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་ལས་སྒྲུབ་མི་སྣའི་སྣེ་ལེན་ནུས་པའི་གསོ་སྦྱོང་སྤེལ་ནས་ཡུལ་སྐོར་སྣེ་ལེན་དང་མགྲོན་ཁང་ཞབས་ཞུ། ལས་རིགས་ཀུན་སྤྱོད་སོགས་ཕྱོགས་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་སྒེར་གཉེར་ཁེ་ལས་མགྲོན་ཁང་གི་ཞབས་ཞུ་བ་ཉེར་བརྒྱད་ལ་དུས་ཡུན་ཉིན་བཅུའི་གཅིག་བསྡུས་གསོ་སྦྱོང་སྤེལ།

དེ་དང་མཉམ་དུ། ཟི་ལིང་གྲོང་ཁྱེར་ལས་རིགས་སློབ་གླིང་གི་གཡོས་སྦྱོར་ལག་རྩལ་པ་གདན་འདྲེན་བྱས་ནས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་ལ་གཡོས་སྦྱོར་ལས་རིགས་ལག་རྩལ་གྱི་གསོ་སྦྱོང་སྤེལ་ཏེ་དབུལ་ཕོངས་མང་ཚོགས་ཀྱི་གཡོས་སྦྱོར་ལག་རྩལ་མཐོར་འདེགས་བཏང་ནས་ངལ་རྩོལ་པ་ལྷག་མའི་ལས་ཞུགས་ལ་སྐུལ་འདེད་བཏང་།