ཡུས་ཧྲུའུ་དྲ་འབྲེལ་བཟོ་སྐྲུན་ཞིབ་བཤེར་བཟོ་བཅོས་སྐབས་སུ། རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་ཟིས་སྔོན་ལ་འཆད་འགོད་དང་གཟབ་ནན་གྱིས་གློག་བཀོལ་བར་འགན་སྲུང་བྱེད་པའི་བྱ་བའི་ཇུས་གཞི་གཏན་ཁེལ་བྱས་པ་དང་། རྨ་སྟོད་རྫོང་གི་གློག་འདོན་འགན་སྲུང་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་གློག་སྟོང་ཝ་སུམ་བརྒྱ་སུམ་ཅུ་ཅན་གྱི་མགོ་ལོག་གློག་དྲའི་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱས།
རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་ཟིའི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་འོག ཡུས་ཧྲུའུ་དྲ་འབྲེལ་བཟོ་སྐྲུན་གྱི་ཞིབ་བཤེར་བཟོ་བཅོས་སྐབས་སུ་རྨ་སྟོད་རྫོང་གི་ཁུལ་ཁོངས་གཙོ་བོ་དག་གིས་གློག་བཀོལ་སྤྱོད་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་མི་ལེགས་པ་ཐེབས་ངེས་ཡིན་ཟེར།
ཡུས་ཧྲུའུ་དྲ་འབྲེལ་བཟོ་སྐྲུན་ཞིབ་བཤེར་བཟོ་བཅོས་སྐབས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད། རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་ཟིས་སྔོན་ལ་འཆར་འགོད་དང་ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ་རྨ་སྟོད་རྫོང་དུ་སོང་ནས་ས་གནས་སྲིད་གཞུང་དང་འབྲེལ་འདྲིས་བྱས་ཏེ་གློག་བཀོལ་བའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་གློག་བཀོལ་བར་འགན་སྲུང་བྱེད་པའི་ཇུས་གཞི་བཟོས་ནས་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་འབྲི་ཆུའི་མགོ་ཁུངས་ཀྱི་ཆུ་གློག་ས་ཚིགས་ཡང་བསྐྱར་འཁོར་སྐྱོད་བྱེད་པར་སྣེ་ཁྲིད་བྱས། མཚོ་ཤར་དང་མཚོ་ལྷོ་སོགས་སྤུན་ཟླའི་སྡེ་ཁག་གི་རྒྱབ་སྐྱོར་འོག སྐབས་བསྟུན་གློག་འདོན་རླངས་འཁོར་གསུམ་དང་མི་ཉི་ཤུ་ལྷག་རྩ་འཛུགས་བྱས་ཏེ་རྨ་སྟོད་རྫོང་མི་དམངས་སྨན་ཁང་དང་བཙོག་ཆུ་ཐག་གཅོད་བྱེད་ས་སོགས་གནས་གཙོ་བོ་གསུམ་གྱི་གློག་བཀོལ་བའི་གནད་དོན་ཐག་བཅད་དེ་ཡུས་ཧྲུའུ་དྲ་འབྲེལ་བཟོ་སྐྲུན་གཅིག་བསྡུས་བཟོ་བཅོས་སྐབས་ཀྱི་རྨ་སྟོད་རྫོང་གི་ཁུལ་ཁོངས་གཙོ་བོའི་རྒྱུན་ལྡན་འཁོར་སྐྱོད་ལ་འགན་སྲུང་བྱས།