ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་ཡོངས་སུ་གསར་དུ་ལས་མགོ་བརྩམས་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྟོང་དྲུག་དང་ལྔ་བརྒྱ་རེ་གསུམ་ཡོད་པ་དང་གཞི་རྩའི་སྟེང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་སྡོད་ཁང་ཁྲི་གཉིས་དང་སྟོང་དྲུག་དྲུག་བརྒྱ་སུམ་ཅུ་ཡོད་ལ། ནང་དུ་མི་བསྡད་པའི་སྡོད་ཁང་ཁྲི་གཉིས་དང་སྟོང་བཞི་སུམ་བརྒྱ་བཅུ་གཅིག་ཡོད།
ཉིས་སྟོང་བཅུ་བདུན་ལོའི་ལོ་མགོར། ཞིང་ཆེན་མཁར་ཞང་གི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུར་གིས་ཕན་ཚུན་བར་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ་ཁང་རྙིང་ཁྲི་ལྔ་དང་སྟོང་དྲུག་སུམ་བརྒྱ་བཅོ་ལྔ་སྒྱུར་བཀོད་བྱེད་པ་དང་ཁང་རྙིང་ཁུལ་གྱི་སྒྱུར་བཀོད་བྱེད་དགོས་པའི་སྡོད་ཁང་དང་སྤྱི་བའི་གླ་ཁང་ཁྲི་དྲུག་དང་སྟོང་བདུན་ལྷག་གི་འཛུགས་སྐྲུན་ལས་འགན་གཞི་རྩའི་སྟེང་ཡོངས་འགྲུབ་བྱེད་པ། མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་ལྔ་གཏོང་རྒྱུ་གཏན་ཁེལ་བྱས།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་ས་ཆ་སོ་སོའི་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ཏེ་མ་དངུལ་གྲབས་གསོག་དང་ས་ཞིང་མཁོ་སྤྲོད། སྤུས་ཚད་ལ་ལྟ་སྐུལ་བྱེད་པ། གླ་ཁང་བཀོད་སྒྲིག་བྱེད་པ་སོགས་ཀྱི་དུས་རིམ་དམ་འཛིན་བྱས་ནས་གསར་འཛུགས་དང་བསྐྱར་འཛུགས་ལས་གཞི་དུས་ཐོག་ཏུ་མགོ་རྩོམ་པར་འགན་སྲུང་བྱེད་རྒྱུ་ཡིན་པ་དང་གནད་དོན་ཐག་གཅོད་བྱེད་པར་རོགས་སྐྱོར་དང་མཐུན་སྦྱོར་བྱས་ནས་བསྒྱུར་བཀོད་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད།