མཚོ་སྔོན་གྱི་བྱིས་པ་དང་བདེ་ཐང་དཔྱད་འཇོག་དམིགས་ཚད་དགུ་སྔོན་ལ་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས།
2017.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

དེ་རིང་ནི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་པ་དང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་ཚོར། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁོངས་གཏོགས་ཀྱིས་བུད་མེད་དང་བྱིས་པའི་སྤྱི་ཐུན་འཕྲོད་བསྟེན་རབས་དང་རིམ་པ་དང་། གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་དང་བྱིས་པའི་བདེ་སྲུང་སོགས་ཞབས་ཞུའི་ལས་སྒོ་སྤེལ་བས། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་བྱེད་ནུས་བར་མ་ཆད་པའི་ངང་མཐོར་འདེགས་བྱུང་ནས། བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། ཉིས་སྟོང་བཅུ་དྲུག་ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལ་དཔྱད་འཇོག་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བྱིས་པ་དང་བདེ་ཐང་གི་དཔྱད་འཇོག་དམིགས་ཚད་བཅོ་ལྔའི་ཁྲོད། དམིགས་ཚད་དགུ་སྔོན་ལ་ཚད་གཞིར་སླེབས།

ཉིས་སྟོང་བཅུ་དྲུག་ལོར། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ཆེན་མོ་ལྔར་མཉམ་འབྲེལ་སྒོས། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བྱེད་ཐབས་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་གྱི་བྱིས་ནད་ཚན་ཁག་གི་སྨན་པ་གསོ་སྐྱོང་བྱེད་ཐབས་སྐོར་གྱི་འཆར་འགོད་གཉིས་གཏན་འབེབས་བཟོས་ཤིང་། བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བཅོས་སྒྱུར་དང་བྱིས་པའི་སྨན་པ་གསོ་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་འཛོམས་པོ་མིན་པའི་གནད་དོན་ལ་ལེགས་བཅོས་བྱུང་། མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་འབུམ་དགུ་བཏང་ནས། ཟི་ལིང་གྲོང་ཁྱེར་དང་ཁྲི་ཀ་རྫོང་། ཐུན་རིན་རྫོང་བཅས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ལས་ཁུངས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ལས་གཞིའི་ཁྲོད་ཚུད་པར་བྱས་ཏེ། བྱིས་པའི་ནད་སྟོན་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱས་པར་མ་ཟད། གྲོང་ཁྱེར་དང་ཁུལ། རྫོང་རིམ་པ་བཅས་ཀྱི་བྱིས་པའི་བདེ་ཐང་ཕྱོགས་བསྡུས་ཞབས་ཞུའི་ཐེག་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་།