མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་བརྒྱད་བརྒྱ་དོན་བཞི་འཛུགས་སྐྲུན་བྱེད་རྒྱུ་རེད།
2017.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་འབུམ་དྲུག་ཁྲི་བརྒྱད་བཏང་ནས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སུམ་ཅུ་ལ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་བརྒྱད་བརྒྱ་དོན་བཞི་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ལོ་མཇུག་ལ་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་ཐུབ།

མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྤྱི་ཐུན་རིག་གནས་ཐོན་ཁུངས་ནུས་ཡོད་སྒོས་གཅིག་བསྡུས་དང་བཀོལ་སྤྱོད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ལོ་གཏན་ཁེལ་བྱས་ཏེ་རིམ་བཞིན་གཞི་རིམ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། ད་ལོར་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་དབུལ་ཕོངས་ས་ཁུལ་གྱི་མི་རིགས་རང་སྐྱོང་རྫོང་དང་སྡེ་བར་རིག་གནས་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་བཟོ་སྐྲུན་གཉིས་ཟུང་འབྲེལ་བྱེད་རྒྱུ་རེད། ད་ལོའི་ཟླ་དྲུག་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་གཞི་རིམ་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་བརྒྱད་བརྒྱ་དོན་བཞིའི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་བཀོད་པ་དང་། དེའི་ནང་། ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་སུམ་བརྒྱ་གྱ་དྲུག་གསར་འཛུགས་དང་ལྟེ་གནས་ཉིས་བརྒྱ་གྱ་གསུམ་བསྒྱུར་བཀོད་བྱེད་རྒྱུ་ཡིན་ལ། ལྟེ་གནས་ཉིས་བརྒྱ་དང་ལྔའི་ནུས་པའི་ཐོན་ཁུངས་གཅིག་བསྡུས་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སུམ་ཅུ་ལ་ཁེབས་པར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཀྱིས་གཙོ་བོར་ད་ཡོད་ཀྱི་ཏང་རྩ་འཛུགས་བྱ་འགུལ་ཁང་དང་སྡེ་བའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས། རིག་གནས་བྱ་འགུལ་ཁང་སོགས་ཕྱོགས་བསྡུས་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་རྒྱབ་རྟེན་དུ་བྱེད་པ་དང་གཙོ་བོར་ནུས་པའི་ཐོན་ཁུངས་གཅིག་བསྡུས་བྱེད་པ་དང་བསྒྱུར་བཀོད་མཐོར་འདེགས་བྱེད་པ། གསར་འཛུགས་བྱེད་པ། རིག་གནས་རྒྱང་སྒྲོག་ལུས་རྩལ་སྒྲིག་ཆས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིག་གནས་བྱ་འགུལ་ཁང་དང་ཞིང་གྲོང་གི་གར་སྟེགས་ཆུང་བ། རིག་རྩལ་ཐང་ཆེན་སོགས་འཛུགས་སྐྲུན་བྱེད་པ་བརྒྱུད་ནས་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།