རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དང་སྲུང་སྐྱོབ་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པར་གྱུར།
2017.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དྲུག་པའི་ཚེས་གཉིས་ཉིན། «རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལག་བསྟར་སྲོལ་ཡིག»ལ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

«སྲོལ་ཡིག»དེ་སྤྱིའི་རྩ་དོན་དང་། དོ་དམ་རྐྱེན་སྲོལ། འཆར་འགོད་འཛུགས་སྐྲུན། ཐོན་ཁུངས་སྲུང་སྐྱོབ། བཀོལ་སྤྱོད་དོ་དམ། སྤྱི་ཚོགས་ཟབ་ཞུགས། བཅའ་ཁྲིམས་འགན་འཁྲི། ཟུར་བཀོད་དོན་ཚན་བཅས་ལེའུ་བརྒྱད་དང་བསྡོམས་པས་དོན་ཚན་བདུན་ཅུ་དོན་བདུན་དུ་བགོས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་དང་འཛུགས་སྐྲུན། དོ་དམ་བྱ་འགུལ་དང་བཅའ་ཁྲིམས་འགན་འཁྲི་སོགས་གཏན་ཁེལ་གསལ་པོ་བྱས་ཡོད།

«སྲོལ་ཡིག»ནང་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་དུ་གཏེར་འདོན་པ་དང་ནགས་གཅོད་པ། རི་དྭགས་རྔོན་པ། ཉ་འཛིན་པ། ས་རྒོད་སློག་པ། འདམ་སོལ་སྔོག་པ། སྤང་ཤུན་སློག་པ་སོགས་བྱེད་མི་ཆོག་པ་དང་། བྱེ་མ་དང་ས། ཆུ་བཅས་བླངས་མི་ཆོག་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲུང་སྐྱོབ་གནད་ཆེར་བྱེད་པའི་རི་སྐྱེས་སྐྱེ་དངོས་རང་འདོད་ལྟར་འཚོལ་བསྡུ་བྱེད་མི་ཆོག་པ། ཕྱི་ཡོང་གི་དངོས་རིགས་གང་འདོད་ལྟར་ནང་འདྲེན་དང་ནང་གཏོང་བྱེད་མི་ཆོག་པ། རི་སྐྱེས་སྲོག་ཆགས་ཀྱི་བེམ་རུས་འཐུ་མི་ཆོག་པ་དང་བྱ་ཚང་སྔོག་མི་ཆོག་པ། རང་བྱུང་ཆུ་ལག་གི་རྣམ་པ་བསྒྱུར་མི་ཆོག་པ། སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་བྱ་འགུལ་གཞན་དག་སྤེལ་མི་ཆོག་པ་བཅས་གཏན་ཁེལ་བྱས་ཡོད། གོང་གི་གཏན་ཁེལ་དང་འགལ་ཚེ། རྒྱལ་ཁབ་སྤྱི་གླིང་ཐོན་ཁུངས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་པ་དང་། དུས་བཅད་ལྟར་ཡོ་བསྲིང་བྱེད་དུ་འཇུག་པ། ཁྲིམས་འགལ་ཡོང་སྒོ་གཞུང་བཞེས་བྱེད་པ་བཅས་བྱེད་རྒྱུ་ཡིན་པ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ཏེ་སྒོར་སྟོང་གཅིག་ནས་སྒོར་འབུམ་གཉིས་བར་གྱི་ཆད་པ་གཅོད་རྒྱུ་རེད།

དེས་མི་ཚད། «སྲོལ་ཡིག»ནང་དུ་རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སོང་ནས་ཚན་རིག་ཞིབ་འཇུག་སྤེལ་བ་དང་། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གནད་ཆེར་བྱེད་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་པ། རི་སྐྱེས་སྐྱེ་དངོས་ཀྱི་དམར་དཔེ་འཚོལ་བསྡུ་བྱེད་པ། ཚོང་འཕྲིན་འགེལ་བ། འཕུར་ཆས་བཀོལ་བ་སོགས་ཀྱི་བྱ་སྤྱོད་ལ་བབ་བསྟུན་གྱི་ཆད་གཅོད་བྱེད་ཐབས་གཏན་ཁེལ་བྱས་ཡོད་པ་དང་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་ཁེལ་གསལ་པོ་བྱས་ཡོད།