མཚོ་སྔོན་ཞིང་ཆེན་འཛམ་གླིང་གི་བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་པའི་རྟེན་གཞི་ཆེས་ཆེན་པོར་གྱུར།
2017.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

 ཟླ་དྲུག་པའི་ཚེས་གཉིས་ཉིན། གསར་འགོད་པས2017ལོའི་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་ས་གདན་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་གསར་བའི་ཆེད་ལས་གླེང་སྟེགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་ས་གདན་ཐོན་ལས་དེ་རྒྱལ་ཡོངས་ཀྱི་ས་གདན་ལས་རིགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་བར་མ་ཟད། འཛམ་གླིང་གི་བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་པའི་རྟེན་གཞི་ཆེས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཟེར།

བོད་ཀྱི་ས་གདན་ཐོན་ལས་ནི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། ལོ་རྒྱུས་རྒྱུན་འཛིན་དང་རིག་གནས་ཀྱི་ནང་དོན་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ལྡན་པའི་ཁྱས་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་ཞིག་རེད། དུས་རབས་བརྒྱད་ཅུ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད། 2003ལོར་ཐོག་དང་པོར་བོད་ཀྱི་ས་གདན་དེ་ཐོན་ལས་གཙོ་བོར་བརྩིས་ནས་རོགས་སྐྱོར་དང་སྐྱེད་སྲིང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ཇུས་གཞི་རྩ་གནད་གཏན་ལ་ཕབ་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞིའི་ཁྲོད་བཀོད་དེ། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་འཛུགས་སྐྲུན་ལས་གཞི་གཙོ་བོའི་ནང་དུ་བཞག་པས། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས།

ཁྱད་པར་དུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་མཚོ་སྔོན་རྒྱལ་སྤྱིའི་རང་བཞིན་གྱི་བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་སར་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་རྗེས། འབྲེལ་ཡོད་སྡེ་ཁག་གིས་རྒྱུན་ཆད་མེད་པར་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། ལག་རྩལ་དང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་ས་གདན་ཐོན་ལས་ཆུང་བ་ནས་ཆེ་བའི་ཕྱོགས་དང་མཚོ་སྔོན་ནས་འཛམ་གླིང་དུ་སྐྱོད་པར་མ་ཟད། བོད་ལུག་དང་ཧྲིན་ཡོན། ཧི་མ་ལ་ཡ། ཁ་པི་ཐི་སོགས་དེང་རབས་ཅན་གྱི་གཞི་ཁྱོན་ལྡན་པའི་ཁེ་ལས་སྐོར་ཞིག་བྱུང་སྟེ། འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་གསར་གཏོད་བྱས།

ད་ལྟ་མཚོ་སྔོན་བོད་ལུག་སྡེ་ཚོགས་སོགས་ཁེ་ལས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་ནས་ཐོན་སྐྱེད་རྟེན་གཞི་ཉི་ཤུ་ལྷག་བཙུགས་པ་དང་། རྒྱལ་ནང་གི་ཚོང་གཉེར་ཁེ་ལས་སྟོང་གཅིག་དང་སུམ་བརྒྱ་ལྷག་ཏུ་སླེབས་ལ། བོད་ཀྱི་ས་གདན་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ཏུ་བཙོང་བཞིན་ཡོད།