ཉེ་ལམ། ཟི་ལིང་གྲོང་ཁྱེར་ཆུ་བེད་ཅུའུ་ཡིས་ལོ་སྔོན་མའི་གྲོང་ཁྱེར་ཡོངས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཇེ་ཟབ་ཇེ་བརྟན་དུ་གཏོང་བའི་བྱ་བར་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པ་དང་། ཤེས་གསལ་བྱུང་བ་ལྟར་ན། ལོ་སྔོན་མར་གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་སྡེ་བ་རེ་གསུམ་དང་གཞན་སྡེ་བ་གསུམ་སྟེ་ཁྱོན་བསྡོམས་སྡེ་བ་རེ་དྲུག་གི་འཐུང་ཆུའི་གནད་དོན་ཐག་བཅད་ཡོད་པ་དང་། ལས་གཞི་འདི་དག་གི་ཐད་དུ་ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་ལྔ་དང་ཁྲི་བརྒྱད་ལྷག་བཏང་ནས། ཁྱོན་བསྡོམས་ཆུ་ལེན་ས་ཉེར་ལྔ་དང་འཛུགས་སྐྲུན་ཁང་བ་ལྔ་བརྒྱ་དང་བདུན་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། སྤྱི་ལེ་བརྒྱ་དང་གོ་དྲུག་གི་མཚམས་སུ་ཆུ་སྦུག་འཐེན་ཡོད།
ཟི་ལིང་གྲོང་ཁྱེར་ཆུ་བེད་ཅུའུ་ཡིས་རྟོག་ཞིབ་བྱས་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་ཉིས་སྟོང་བཅུ་དྲུག་ལོའི་འཐུང་ཆུའི་བཟོ་སྐྲུན་ཡོད་ཚད་ལེགས་འགྲུབ་བྱུང་ཡོད་ལ། ཕྱོགས་ཡོངས་ཀྱི་འཁོར་སྐྱོད་བྱ་བ་ལེགས་པོ་ཡིན་པར་མ་ཟད། མང་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
ད་ལོ་ནི་ཆུ་བེད་དབུལ་སྐྱོར་ནང་རྐྱེན་བཅོས་སྒྱུར་གསར་སྤེལ་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ལོ་གལ་ཆེན་ཞིག་ཡིན་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཆུ་བེད་དབུལ་སྐྱོར་བྱ་བ་ཕྱོགས་ཡོངས་ནས་ཐོད་བརྒལ་བྱུང་བའི་ལོ་ཞིག་ཀྱང་ཡིན་པས། ཉིས་སྟོང་བཅུ་བདུན་ལོར། གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བརྒྱ་དང་སོ་གསུམ་དབུལ་ཐར་འབྱུང་རྒྱུའི་འཆར་གཞི་བཀོད་ནས་དོན་འཁྱོལ་ཡོང་བར་འབད་རྒྱུ་རེད།
མིག་སྔའི་བར་དུ། ཟི་ལིང་གྲོང་ཁྱེར་གྱི་ཞིང་སྡེའི་འཐུང་ཆུའི་ཆུ་བེད་འཛུགས་སྐྲུན་ཐད་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་ས་ཡ་དྲུག་དང་འབུམ་བརྒྱད་ཁྲི་གཅིག་ལག་སོན་བྱུང་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཇེ་ཟབ་ཇེ་བརྟན་དུ་སྤེལ་རྒྱུ་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་མ་ལག་འཛུགས་སྐྲུན་བྱས་ནས། ཕྱོགས་ཡོངས་ནས་ཆུ་བེད་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཆུ་བེད་ཐད་ཀྱི་འདེགས་སྐྱོར་ཆེན་པོ་བྱེད་རྒྱུ་རེད།