2017ལོའི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཧྲང་ཧེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུའུ་གཉིས་ཀྱིས་ཀྲུང་གོ་སློབ་ཆེན་གྱི་མུའུ་ཁི་ཁོར་ཡུག་གནད་དོན་ལྟ་ཞིབ་དྲ་ཐོག་སློབ་སྦྱོང་སྟེགས་བུ་དང་མཉམ་འབྲེལ་བྱས་ནས། ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་ཀྲུང་གོའི་བརྗོད་སྙིང་ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པར་དམིགས་ནས་མཉམ་དུ་འབྲི་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་ཆུ་བོ་ནམ་ཡང་དྭངས་ཤིང་གཙང་བར་ཡོང་བའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ།
ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ཁྲོད། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཀྲུང་གོ་སློབ་ཆེན་གྱི་མུའུ་ཁི་ཁོར་ཡུག་གནད་དོན་ལྟ་ཞིབ་དྲ་ཐོག་སློབ་སྦྱོང་སྟེགས་བུའི་སྟེང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དྲིལ་སྒྲོག་བརྙན་རིས་ཀྲུའུ་ཧྭ་ཆེ་གཏེར་དང་། ལྗང་མདོག་གི་རྨ་འབྲི་རྫ་གསུམ་མགོ་ཁུངས་ཞེས་པ་དང་། ཧྲང་ཧ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་དྲིལ་སྒྲོག་བརྙན་རིས་ང་ཚོས་མཉམ་དུ་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་ཅེས་པ་བཏང་བ་མ་ཟད། དོ་དམ་ཅུའུ་ཡི་བརྡ་འཕྲིན་བརྙན་འཕྲིན་དང་ར་བའི་ཁུལ་ནང་ཁུལ་སོགས་ནས་འགྲེ་མ་གཏོང་བྱས། གོང་གི་དྲིལ་སྒྲོག་བརྙན་རིས་གསུམ་བརྒྱུད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་ཧྲང་ཧེ་ཡིས་ཆུའི་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ནས་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ནས་དྲིལ་སྒྲོག་བྱས་ཡོད།
ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་མཉམ་དུ་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་ཅེས་པ་དྲིལ་སྒྲོག་ཁ་གཡེང་དུ་བྱས་པ་དང་། དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་སོ་སོའི་ཆུ་དྭངས་ཤིང་རི་ལྗང་མདོག་ཡིན་པ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་སྐུལ་སློང་བྱས་ནས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་པ། རང་རྟོགས་སྒོས་ལྗང་མདོག་འཚོ་བ་ལག་བསྟར་བྱེད་པ། མཉམ་དུ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆེད་ཡིན། བྱ་འགུལ་རྒྱལ་ཁའི་ངང་བསྡུས་པ་དེས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མཚན་སྙན་ཇེ་མཐོར་བཏང་བ་མ་ཟད། རབ་མཛེས་མཚོ་སྔོན་དང་མཛེས་སྡུག་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྣང་བརྙན་ཐད་ཀྱི་འགྲེམ་སྟོན་གསར་བ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་ལག་ལེན་གསོན་པོ་ཡང་ཡིན་ཟེར།