ཡང་དག་པའི་སྒོ་ནས་དངུལ་རྩའི་དགོས་མཁོ་སྐོང་བར་སྦྲེལ་མཐུད་བྱེད་པ་དང་གནད་ཕིགས་དབུལ་སྐྱོར་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་སྦྲེལ་མཐུད་བྱེད་ས་འཚོལ་ཞིབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་དངུལ་ལོར་ལྟ་སྐུལ་དོ་དམ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག ཞིང་ཆེན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོར་ཟབ་ཞུགས་བྱས་ཏེ་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་མཉམ་དུ་ལས་གཞིར་འཆར་འགོད་བྱས་པ་དང་དངུལ་རྩའི་དགོས་མཁོར་འབྲེལ་མཐུད་བྱས་ལ། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ་ས་གནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་སྤར་ཏེ་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས།
དུས་ཡུན་རིང་བོར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་ཐད་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཡིད་རྟོན་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་རིམ་བསགས་བྱས་ནས་སྒྱུ་རྩལ་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་རེབ་གོང་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཤུགས་བཏོན་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
དོན་དངོས་དང་མཐུན་པའི་སྒོ་ནས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་གཉེར་གནས་ཚུལ་དང་དངུལ་རྩའི་དགོས་མཁོར་རྒྱུས་ལོན་བྱེད་པ་དང་ཞིང་ཆེན་དངུལ་ལོར་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་འབྲེལ་གྱིས་ཁེ་ལས་དང་སྡེ་བ། ཁྱིམ་ཚང་དུ་བསྐྱོད་པའི་བྱ་འགུལ་སྤེལ་ཆེད། ཞིང་ཆེན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་བྱ་བའི་ཚན་ཆུང་མངགས་ཏེ་རྨ་ལྷོ་ཁུལ་ཐུན་རིན་རྫོང་རེབ་གོང་རིག་གནས་སྒྱུ་རྩལ་ཐོན་ལས་ཁུལ་གྱི་ཡུལ་དངོས་སུ་རྟོག་ཞིབ་བྱས།ཐོན་ལས་ཁུལ་དེའི་ལས་གཞིའི་འཆར་འགོད་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ཆིངས་ལྔ་བཅུ་གྲངས་ཆུང་དྲུག་ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བདུན་ས་ཡ་དགུ་ཡིན་ལ། དམིགས་འབེན་ནི་ཐོན་ལས་ཁུལ་དེ་རིམ་བཞིན་སྣ་མང་ཅན་དང་ནུས་མང་ཅན་གྱི་ཕྱོགས་བསྡུས་རིག་གནས་ཚོགས་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ་རེབ་གོང་སྒྱུ་རྩལ་དང་འབྲེལ་ཡོད་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་རེབ་གོང་སེང་གེ་གཤོང་འོག་མ་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་ཟི་དང་བཞུགས་མོལ་བྱས་པ་མ་ཟད། ཐུན་རིན་རྫོང་སེང་གེ་གཤོང་སྡེ་བའི་ཐང་ཀ་འབྲི་མཁན་གྱི་ཁྱིམ་དུ་སོང་ནས་ཐོན་ལས་དབུལ་སྐྱོར་གཙོར་བྱས་ཏེ་མཉམ་དུ་ཐང་ཀ་དང་འཇིམ་བརྐོས། རྡོ་བརྐོས་སོགས་རེབ་གོང་རིག་གནས་ཀྱི་ཁྱད་ལྡན་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་ཞིབ་འཇུག་བྱས།