རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐབས་དང་པོའི་ཁྲིམས་འཛིན་མི་སྣའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཚོགས་མགོ་བརྩམས།
2017.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཟླ་དྲུག་པའི་ཚེས་ལྔ་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྐབས་དང་པོའི་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཕྱོགས་བསྡུས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཚོགས་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་གིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་འཛིན་བྱ་བར་སྐུལ་འདེད་གཏོང་བ་དང་ཁྲིམས་འཛིན་མི་སྣའི་ལས་སྒོ་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད། སྐབས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་ནི་གཙོ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་གླིང་ཁུལ་ཨུ་ཡོན་ལྷན་ཁང་སོ་སོའི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུའུ་དང་ཁྲིམས་འཛིན་རུ་ཆེན། སྲུང་སྐྱོབ་ས་ཚིགས་ཀྱི་སྲིད་འཛིན་ཁྲིམས་འཛིན་མི་སྣ་དག་ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ཕྱིར་བཏོན་པ་དང་བསྟུན་ནས། སྲིད་འཛིན་ཁྲིམས་འཛིན་མི་སྣའི་ནུས་པ་དང་ཆུ་ཚད་ཀྱི་རེ་བ་སྔར་ལས་ཇེ་མཐོར་སོང་བ་དང་འདིས་དྲང་བདེན་ཚད་ལྡན་གྱི་ཁྲིམས་འཛིན་གཟབ་ནན་ཏུ་གཏོང་དགོས་པའི་རེ་བ་བཏོན་པ་ལས་གཞན་ད་རུང་དཔལ་ཡོན་གྱི་ཕྱོགས་བསྡུས་ཁྲིམས་འཛིན་ལྟ་སྟངས་འཛིན་དགོས་པའི་རེ་བ་བཏོན། ཧུར་ཐག་གིས་རྣམ་པ་གསར་བ་དང་རེ་བ་གསར་བར་མཐུན་པར་བྱེད་པ་དང། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་དགོས་ན་སྲིད་འཛིན་ཁྲིམས་འཛིན་མི་སྣས་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་ཤུགས་སྣོན་དགོས་པ་དང་ཁྲིམས་འཛིན་འདུ་ཤེས་བསྒྱུར་དགོས་ལ། བསམ་བློའི་ངོས་ཤེས་གཅིག་གྱུར་དང་ཕྱོགས་བསྡུས་ཁྲིམས་འཛིན་ལས་སྒོའི་ཆུ་ཚད་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་གིས་གཙོ་བོ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐད་ཀྱི་གནད་དོན་ཐག་གཅོད་དང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་མགོ་བརྩམས་ཏེ་ཕྱོགས་བསྡུས་ཁྲིམས་འཛིན་འདུ་ཤེས་ཆགས་པར་བྱེད་པ་དང་ཁྲིམས་འཛིན་རུ་ཁག་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། ཁྲིམས་འཛིན་ལྟ་སྐུལ་གྱི་ནང་རྐྱེན་གསར་བ་མཐུན་སྦྱོར་བྱས་ཏེ་ཁྲིམས་འཛིན་གྱི་ནང་རྐྱེན་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱེད་རྒྱུ་རེད།