ཟླ་དྲུག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི2017ལོའི་མཐོ་རྒྱུགས་ལེན་མགོ་བརྩམས་པ་དང་། ཟླ་དྲུག་པའི་ཚེས་དགུ་ཉིན་མཐོ་རྒྱུགས་ལེན་ཚར་རྒྱུ་རེད། ད་ལོར། ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ལེན་པར་མིང་ཐོ་བཀོད་པའི་སློབ་མ་ཁྲི་བཞི་སྟོང་དྲུག་དང་སུམ་བརྒྱ་ཞེ་དྲུག་ཡོད་པ་དང་། དེ་ན་ནིང་དང་བསྡུར་ན་མི་སྟོང་གཅིག་དགུ་བརྒྱ་དང་བཅུ་དགུ་ཡིས་ཇེ་མང་དུ་སོང་ཡོད། སློབ་མ་ཁྲི་བཞི་དང་བཞི་བརྒྱ་ཞེ་ལྔ་དངོས་སུ་མཐོ་རྒྱུགས་ལ་ཞུགས་པ་དང་། དེ་ན་ནིང་དང་བསྡུར་ན་མི་བརྒྱད་བརྒྱ་དོན་གཅིག་ཇེ་མང་དུ་སོང་ཡོད། དེའི་ཁྲོད་རིག་གནས་ལོ་རྒྱུས་ཐད་ཀྱི་སློབ་མ་ཁྲི་གཅིག་སྟོང་གསུམ་དང་སུམ་བརྒྱ་ཞེ་བརྒྱད་ཡོད་པ་དང་། རང་བྱུང་ཚན་རིག་ཐད་ཀྱི་སློབ་མ་ཁྲི་གཉིས་སྟོང་བདུན་གོ་བདུན་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཁྲི་གཅིག་སྟོང་བདུན་དང་དྲུག་བརྒྱ་ཞེ་དགུ་ཡོད་པ་དང་། དབང་བོ་སྐྱོན་ཅན་གྱི་སློབ་མ་དོན་དགུ་ཡོད། ཞིང་ཆེན་ཡོངས་སུ་རྒྱུགས་ལེན་ཁུལ་སོ་གསུམ་ཡོད་པ་དང་། རྒྱུགས་ལེན་ས་ཞེ་བཞི། རྒྱུགས་ཁང་སྟོང་གཅིག་བཞི་བརྒྱ་དང་བརྒྱད་ཡོད་ལ། རྒྱུགས་ཡོངས་རྫོགས་ཚད་ལྡན་ཅན་གྱི་རྒྱུགས་ཁང་ནས་བླངས།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་དགུ་ཉིན་ཞིང་ཆེན་ཡོངས་ཀྱི་རྒྱུགས་བླངས་ཚར་རྗེས། རྒྱུགས་ཤོག་ལ་ལྟ་བ་དང་སྐར་མ་འགོད་པའི་བྱ་བ་བསྒྲུབ་རྒྱུ་ཡིན་པ་དང་། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་སྔོན་དུ་རྒྱུགས་འབྲས་དང་སློབ་བསྡུ་འཆར་གཞི་ཕྱིར་སྒྲོག་བྱེད་པ་དང་། སློབ་མ་རྩ་འཛུགས་བྱས་ཏེ་དྲ་ཐོག་ནས་སློབ་གྲྭ་གདམ་བསེས་བྱེད་དུ་འཇུག་རྒྱུ་ཡིན་ལ། ཟླ་བདུན་པའི་ཟླ་སྟོད་དུ་སློབ་མ་བསྡུ་མགོ་རྩོམ་རྒྱུ་ཡིན་པ་དང་། སློབ་བསྡུ་བྱ་བ་དེ་ཟླ་བརྒྱད་པའི་ཟླ་མཇུག་ཏུ་མཇུག་བསྒྲིལ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་པུའུ་ཡི་འབྲེལ་ཡོད་གཏན་ཁེལ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་རེ་བ་ལྟར། སློབ་བསྡུ་རྒྱུགས་ལེན་ཐད་ཀྱི་ཉི་འོད་བཟོ་སྐྲུན་ལག་བསྟར་བྱས་ནས། ད་ལོའི་མཐོ་རྒྱུགས་དང་སློབ་བསྡུ་བྱ་བ་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་རྒྱུ་རེད།