མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ལས་གཞིའི་མ་དངུལ་དོ་དམ་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་ཚོགས་མགོ་བརྩམས།
2017.06.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ6པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པའི་སློབ་གསོ་སློབ་གླིང་གཉིས་ཀྱིས་ཟི་ལིང་ནས་མཉམ་དུ་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ལས་གཞིའི་མ་དངུལ་དོ་དམ་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་དང་ཁུལ། རྫོང་གི་དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་སྲིད་ཇུས་ཆུ་ཚད་དང་ལས་སྒོའི་ནུས་པ་མཐོར་འདེགས་བྱེད་པ། དབུལ་སྐྱོར་ལས་གཞིའི་ལག་བསྟར་སྤུས་ཚད་དང་མྱུར་ཚད་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཕྱོགས་བསྡུས་ཆུ་ཚད་མཐོར་འདེགས་བྱེད་པ། དུས་ལྟར་དབུལ་ཐར་མཁྲེགས་གཏོར་འགན་ཁུར་ཡོངས་འགྲུབ་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མངོན་འགྱུར་བྱེད་པར་རིག་པའི་རྒྱབ་སྐྱོར་དང་འཇོན་མི་འགན་སྲུང་བྱ་ཆེད། ཐེངས་འདིའི་གསོ་སྦྱོང་གིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་ཞུ་བྱས་ནས་སློབ་ཁྲིད་བྱས་པ་དང་། གསོ་སྦྱོང་ལས་གཅིག་བསྡུས་སློབ་ཁྲིད་དང་རང་སྦྱོང་ཞིབ་འཇུག་གཉིས་ཟུང་སྦྲེལ་བྱེད་པའི་སློབ་ཁྲིད་བྱེད་ཐབས་སྤྱད་ནས། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་ལེགས་སྒྲིག་སྲིད་ཇུས་འགྲེལ་ཀློག་དང་བཀོལ་སྤྱོད་མཛུབ་སྟོན། དབུལ་སྐྱོར་མ་དངུལ་དང་ལས་གཞིའི་དོ་དམ་སྲིད་ཇུས་འགྲེལ་ཀློག་དང་བཀོལ་སྤྱོད་མཛུབ་སྟོན། ལས་གཞིའི་རྨང་གཞིའི་འཛུགས་སྐྲུན་གོ་རིམ་དང་ངེས་དགོས་པའི་གནད་འགག་གི་གནད་དོན། རྒྱལ་ཁབ་གནས་སྤོར་དབུལ་སྐྱོར་དབུལ་ཐར་སྲིད་ཇུས་འགྲེལ་ཀློག་དང་ངེས་དགོས་པའི་གནད་འགག་གི་གནད་དོན་སོགས་ནང་དོན་ཐད་ནས་འགྲེལ་བཤད་གསལ་བོ་བྱས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་ནས་ཡོང་བའི་སྲིད་གཞུང་གི་ལས་བགོས་འགོ་ཁྲིད་དང་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད་ཁོངས་གཏོགས་ཀྱི་ལས་བགོས་འགོ་ཁྲིད། དབུལ་སྐྱོར་སྡེ་དག་གི་འགན་ཁུར་བློ་མཐུན་གཙོ་བོ་དང་ལས་གཞིའི་དོ་དམ་མི་སྣ་སོགས་མི་ཉིས་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས།