གནམ་གཤིས་ལྟེ་གནས་ཀྱིས་རྒྱུ་ཆར་བསྡོམས་རྩིས་དབྱེ་ཞིབ་བྱས་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་དབྱར་མགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཆ་སྙོམས་དྲོད་གྲངས་བརྒྱད་དང་གྲངས་ཆུང་དྲུག་ཡིན་པ་དང་། དེ་ནི་སྔར་ལོ་དང་བསྡུར་ན་དྲོད་གྲངས་ཐིག་དང་གྲངས་ཆུང་གཅིག་གིས་ཇེ་དམའ་རུ་སོང་ཡོད་པར་མ་ཟད། ཉེ་བའི་ལོ་བཅུའི་རིང་ལ་ཐོག་དང་པོར་དབྱར་ཁའི་དྲོད་ཚད་མར་འགྲིབ་ཚད་ཆེས་ཆེ་བར་གྱུར། ཉེ་བའི་ལོ་བཅུའི་ནང་མཚོ་སྔོན་གྱི་ཆ་སྙོམས་དྲོད་ཚད་ནི་ཉིས་སྟོང་དགུ་ལོར་རྒྱུན་ལྡན་མིན་པ་ཕུད། ལོ་གཞན་པར་ཆ་སྙོམས་ལོ་རེར་དྲོད་གྲངས་ཐིག་དང་གྲངས་ཆུང་གཉིས་གསུམ་ནས་གཅིག་དང་གྲངས་ཆུང་གསུམ་བཞིའི་བར་འཕར་ཡོད།
ད་ལོའི་དབྱར་མགོ་ཚུགས་པ་ནས་བཟུང་། བསྟུད་མུར་གནམ་ངོ་རུབ་ནས་ཆར་བབས་པའི་གནམ་གཤིས་ཀྱི་རྐྱེན་གྱིས། མཚོ་སྔོན་གྱི་ཆ་སྙོམས་དྲོད་ཚད་རྒྱུན་ལྡན་གྱི་ལོ་ལས་ཆེས་དམའ་མོར་ལྷུང་བ་དང་། གནམ་གཤིས་ལྟེ་གནས་ཀྱིས་རྒྱུ་ཆར་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་དབྱར་མགོ་ཚུགས་པ་ནས་བཟུང་མཚོ་སྔོན་གྱི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧོ་སྨི་རེ་གཅིག་དང་གྲངས་ཆུང་གཅིག་ཡིན་པ་དང་། དེ་ནི་རྒྱུན་ལྡན་གྱི་ལོ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་དྲུག་གིས་ཇེ་མང་དུ་འཕར་ཡོད།
དྲོད་ཚད་ཇེ་དམའ་རུ་སོང་བ་དང་ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་བར་བརྟེན་ནས། ས་ཁུལ་སོ་སོའི་དགུན་གྲོ་དང་དཔྱིད་གྲོ་སྐྱེས་ཚད་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པར་མ་ཟད། གྲོ་འཕེལ་ཚད་ལོ་སྔོན་མ་ལས་ཇེ་དལ་དུ་སོང་བ་དང་། ས་བབ་མཐོ་སར་ས་གཤིས་བརླན་ཚད་ཆེ་བར་རྐྱེན་བྱས་ཏེ་འདེབས་འཛུགས་བྱ་བར་བར་ཆད་བཟོས་ཡོད།