ཨ་མདོའི་ལ་གཞས་ཞེས་པའི་དེབ་འཕྲིན།
2017.06.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 97

དམངས་ཁྲོད་རིག་གནས་ནི་མི་རིགས་དེའི་རིག་གནས་ཀྱི་མེ་ལོང་ལྟ་བུ་ཡིན་ལ། དེ་ཡིས་མི་རིགས་དེའི་རིག་གནས་ཀྱི་འཕོ་འགྱུར་དང་། དཔལ་ཡོན་གྱི་ཆུ་ཚད། བསམ་བློའི་འཁྱེར་སོ། ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་སོགས་མངོན་པར་མཚོན་ཐུབ་པས་དམངས་ཁྲོད་རིག་གནས་ཇི་ལྟར་དར་ཞིང་ཞིབ་ཚགས་ལྡན་པ། དཔལ་ཡོན་ལྡན་ན་མི་རིགས་དེའི་གསོན་ཤུགས་དང་ཁྱད་ཆོས་མངོན་པར་བསྟན་ཡོང་། དེ་བཞིན་རིག་གནས་དེ་ཉིད་རྒྱུད་འཛིན་དང་དར་སྤེལ་ལས་རིག་གནས་དེའི་རིན་ཐང་ལེགས་པར་མཚོན་ཐུབ་སྟེ། ད་ལྟ་བོད་ཀྱི་དམངས་ཁྲོད་རིག་གནས་ཉམས་གསོ་དང་། རྒྱུད་འཛིན། དར་སྤེལ་བྱ་མཁན་ཡང་སྔར་བས་ཇེ་མང་དུ་སོང་ནས་མི་རིགས་རིག་གནས་ལ་ལག་རྗེས་འཇོག་བཞིན་འདུག་ལ། བོང་སྟག་པ་བསོད་ནམས་དར་རྒྱས་ནི་དེའི་ཁྲོད་ཀྱི་མི་སྣ་གཅིག་སྟེ། ཁོང་གིས་ལོ་ངོ་དུ་མའི་རིང་ལས་ཞོར་དུ་༼ཨ་མདོའི་ལ་གཞས་༽ཞེས་པའི་དེབ་སྐད་སུམ་སྦྱར་མ་ཞིག་སྒྲིག་སྒྱུར་མཛད་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད་ཅིང་། ད་ལྟ་བོད་ཁུལ་གྱི་ཀློག་པ་པོ་རྣམས་པའི་སྤྱན་སྔར་ཕུལ་ཡོད།

\"\"

དཔེ་དེབ་ཏུ་རྩོམ་པ་པོས་ལོ་ངོ་དུ་མའི་རིང་ལས་ཞོར་དུ་བོད་ཀྱི་རིག་གནས་ལ་བཅངས་པའི་བརྩེ་དུང་ལྷོད་མེད་སྒོས་དམངས་ཁྲོད་ནས་ཨ་མདོའི་ལ་གཞས266ལྷག་འཚོལ་སྡུད་བྱས་ཡོད་པ་མ་ཟད། བོད་རང་གི་རྩོམ་རིག་དང་སྒོས་སུ་ལ་གཞས་ཀྱི་ཁྱད་ཆོས་གཙིགས་སུ་བཟུང་སྟེ་རྒྱ་ཡིག་ཏུ་བསྒྱུར་བའི་ཞོར་དུ།  ལ་ཏིང་ཡི་གེར་ཕབ་ཡོད་ལ། དེབ་ནང་དུ་ད་དུང་ཕ་ཡུལ་བོང་སྟག་གི་སྣོད་བཅུད་ཅི་འཛོམས་ཀྱི་པར་རིས་སྣ་ཚོགས་ཀྱིས་ཟུར་དུ་བརྒྱན་པ་ལས་རྩོམ་པ་པོས་རང་ཕ་ཡུལ་ལ་བཅངས་པའི་ལྷད་མེད་དུངས་པ་དང་དཔེ་སྒྲུབ་ཀྱི་ཐུན་མིན་ཁྱད་ཆོས་འབུར་དུ་མངོན་ཡོད། དེ་བས་དེབ་འདི་བོད་རྒྱ་ཡིག་རིགས་ཀྱིས་ལོ་ཙཱར་གཞོལ་མཁན་དང་ཨ་མདོའི་ལ་གཞས་ལ་དགའ་དུངས་མོས་མཁན་སུ་ལ་མཚོན་ནའང་ལེགས་སྐྱེས་ཡག་པོ་ཞིག་ཏུ་འདུག

ཁོང་གིས་ལ་གཞས་སྒྱུ་རྩལ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། བདེན་པ་དང་བཟང་བ་གཞིར་བྱས་ཏེ་གྲུབ་པའི་བོད་ཀྱི་རིག་གནས་ཀྱི་བློ་རིག་གི་ཉིང་བཅུད་ཅིག་ཡིན་པ་དང་། ཁ་བའི་ལྗོངས་ཀྱི་མི་རིགས་འདིའི་དགའ་སྐྱོ་ཆགས་སྡང་མངོན་པར་གསལ་ཞིང་།  ལ་གཞས་སྒྱུ་རྩལ་ནི་ཕོ་མོའི་བརྩེ་དུང་ཙམ་མ་ཡིན་པར། ཚེ་སྲོག་གི་རིན་ཐང་བླ་ན་མེད་པ་དང་སྐྱེ་རྒུའི་དམ་འབྲེལ་གྱི་བརྩེ་བ་བླ་ན་མེད་པ་ཞིག་དང་། བརྩེ་བའི་ཉིང་ཁུ་དུངས་པའི་བཅུད་དུ་སྨིན་པའི་བརྩེ་བ་ཆེན་པོའི་དགའ་མོལ་ཞིག་ཏུ་བརྗོད་དེ། མིའི་རིགས་ཀྱི་བརྩེ་དུང་ལོ་རྒྱུས་སྟེང་གི་བརྗོད་སྙིང་གཞན་ཞིག་དང་འཛམ་གླིང་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལས་ཁྱད་འཕགས་ཀྱི་ནོར་བུ་ཞིག་ཡིན་སྟབས་མི་ཆོས་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་བླ་ན་མེད་པ་ལྡན་ཟེར།

\"\"