མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་སྲིད་ཇུས་དངོས་འབེབས་དང་མ་དངུལ་རྩིས་བཤེར་ལ་ཤུགས་སྣོན་རྒྱུ་རེད།
2017.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉེ་ཆར། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཅུའུ་ཡིས《སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་རྩིས་བཤེར་ལ་སྐུལ་འདེད་བཏང་ནས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་སྲིད་ཇུས་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་》དཔར་ནས་བཀྲམ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་རྩིས་བཤེར་བྱ་བ་སྲ་སྒྱུར་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་གནད་ཕིགས་དབུལ་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

《བསམ་འཆར》ལས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དུས་རིམ་གྱི་དམིགས་འབེན་འགན་ཁུར་ལ་དམིགས་ནས། དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་མ་དངུལ་གྱི་གཙོ་ཐིག་གཉིས་དམ་པོར་བཟུང་སྟེ། སྲིད་ཇུས་དངོས་འབེབས་ཀྱི་རྗེས་སྙེག་པ་དང་གནད་དོན་གལ་ཆེན་གསལ་སྟོན་དང་ཞིབ་བཤེར་ཐག་གཅོད་བྱེད་པ། དབུལ་སྐྱོར་མ་དངུལ་གྱི་གྲུབ་འབྲས་ལ་ཞིབ་བཤེར་དང་དབུལ་སྐྱོར་ལས་གཞིའི་འཛུགས་སྐྲུན་གཉེར་བར་ལྟ་སྐུལ། སྒྲིག་སྲོལ་རྐྱེན་སྲོལ་ལམ་ལུགས་ཀྱི་མི་འདང་ས་ཚུར་སྣང་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས་དབུལ་སྐྱོར་རྩིས་བཤེར་གྱི་གནད་ས་གཙོ་བོ་གསལ་འདོན་བྱས།

《བསམ་འཆར》ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་རྩིས་བཤེར་དངུལ་ཁུངས་ལེགས་སྒྲིག་བྱེད་པ་དང་། སྲིད་ཇུས་གཙོ་བོ་དང་མ་དངུལ། ལས་གཞི་བཅས་རྩིས་བཤེར་ཁྱབ་ཁོངས་ཁྲོད་བཞག་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཞེ་གཉིས་གྱི་རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་རྒྱུ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་དུས་ལྟར་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བྱེད་རྒྱུ་མ་ཟད། ཁྲིམས་ལྟར་རྩིས་བཤེར་ལས་མངོན་པའི་གནད་དོན་དུས་ལྟར་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་སྤྱི་བསྒྲགས་བྱེད་རྒྱུ་རེད།