གནད་ཕིགས་དབུལ་སྐྱོར་བྱ་བ་སྤེལ་བའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དབང་བོ་སྐྱོན་ཅན་གྱི་དབུལ་ཐར་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་གོ་གནས་གཙོ་བོར་བཞག་ནས་འགན་སྲུང་གཏིང་ཟབ་བྱེད་པ་དང་ལས་ཞུགས་ཡོང་འབབ་འཕར་སྣོན་བྱེད་པ། སྲིད་གཞུང་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་སོགས་བྱ་བ་དམ་པོར་བཟུང་སྟེ་དབང་བོ་སྐྱོན་ཅན་མི་སྣ་དབུལ་ཐར་ཕྱུག་སྒྱུར་བྱེད་པར་རོགས་སྐྱོར་བྱས།
ཡུས་ཧྲུའུ་ཁུལ་ལ་མིག་སྔའི་བར་རིགས་སོ་སོའི་དབང་བོ་སྐྱོན་ཅན་ཁྲི་གཅིག་དང་སྟོང་དྲུག་ཡོད་པ་དང་ཁུལ་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་གསུམ་དང་གྲངས་ཆུང་དགུ་ཟིན། ཡུས་ཧྲུའུ་ཁུལ་གྱིས་གནད་ཕིགས་སྨན་བཅོས་ཀྱི་ལུས་གསོ་རོགས་སྐྱོར་བྱ་བ་སྤེལ་བའི་གོ་རིམ་ཁྲོད། འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། ནང་ཆེན་རྫོང་བཅས་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་གྱི་རོགས་སྐྱོར་མ་དངུལ་བྱིན་པ་དང་དབང་བོ་སྐྱོན་ཅན་ལྔ་བརྒྱ་དྲུག་རེ་གཉིས་ལ་སྨན་བཅོས་རོགས་སྐྱོར་བྱེད་པ་དོན་འཁྱོལ་བྱས། ཁུལ་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ལུས་གསོ་སྨན་ཁང་ལ་རྨིད་གྲུ་བཞི་མ་སྟོང་གཅིག་དང་སུམ་བརྒྱའི་སྨན་བཅོས་ཁང་ཡོད་པར་བྱས་པ་དང་གཏན་འཇགས་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གཉིས་ཡིན་པའི་རྨང་གཞིའི་སྒྲིག་ཆས་ཁ་སྣོན་བྱས་ཏེ་དབང་བོ་སྐྱོན་ཅན་མི་སྣ་དག་ལ་རིགས་སོ་སོའི་ལུས་གསོ་ཞབས་ཞུ་འདོན་སྤྲོད་བྱས།
དེ་དང་མཉམ་དུ་སློབ་གསོའི་དབུལ་སྐྱོར་ལག་བསྟར་བྱས་པ་དང་སྔ་གཞུག་ཏུ་མ་དངུལ་སྒོར་འབུམ་ལྔ་བཏང་ནས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭའི་བསྡུ་ལེན་བྱས་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་དང་སློབ་ཆེན་འགྲིམས་བཞིན་པའི་དབང་བོ་སྐྱོན་ཅན་གྱི་བུ་དང་བུ་མོར་རོགས་སྐྱོར་བྱས་ལ། དབང་བོ་སྐྱོན་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་ལ་བསྒྲུབས་ནས་དབང་བོ་སྐྱོན་ཅན་ཉིས་བརྒྱ་ང་བཞིར་གསོ་སྦྱོང་བྱས་པ་དང་། དེའི་ནང་དབང་བོ་སྐྱོན་ཅན་གོ་གཅིག་གིས་ལས་ཞུགས་མངོན་འགྱུར་བྱས་པ་དང་རང་གིས་ལས་སྐྲུན་བྱས་པའི་དབང་བོ་སྐྱོན་ཅན་བཅུ་གཉིས་ཡོད། གནད་ཕིགས་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་དབང་བོ་སྐྱོན་སྟོང་གཉིས་བརྒྱ་དང་བཅུ་གཉིས་མཐིལ་རྟོལ་འགན་སྲུང་ཁྱབ་ཁོངས་ཁྲོད་བཞག་པ་དང་རོང་འབྲོག་ཁུལ་གྱི་དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྱིམ་ཚང་སྟོང་གསུམ་དང་རེ་དགུ་དམིགས་བསལ་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་ཁྲོད་བཞག
ཉིས་སྟོང་བཅུ་དྲུག་ལོར་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་བྱ་བའི་ས་ཚིགས་བཙུགས་ནས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་རྩོད་གཞི་བཅུ་གཉིས་ཐག་གཅོད་བྱས། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་འཚོ་བའི་ཐད་ཁ་གསབ་བྱེད་པ་དང་། ཐག་རིང་ལ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་རིན་དང་གྲོང་ཁྱེར་ནང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་རིན་ཇེ་དམར་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
。