མཚོ་སྔོན་ཞིང་ཆེན་གྱིས་སྡེ་བའི་ཉེན་རྟོག་པ་ཡོངས་སུ་ཁེབས་པར་བྱས་ནས་རོང་འབྲོག་ཁུལ་གྱི་བདེ་སྐྱོང་ཐད་ཀྱི་ཞན་ཆ་ཁ་གསབ་བྱས།
2017.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཉེན་རྟོག་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་རྒྱུན་ལོན་བྱུང་བ་ལྟར་ན། 2015ལོའི་ཟླ་དགུ་བའི་ནང་ཞིང་ཆེན་ཡོངས་ནས་སྡེ་བའི་ཉེན་རྟོག་པའི་བྱ་བའི་རྐྱེན་སྲོལ་ལག་བསྟར་བྱས་པའི་ཚུན་ནས། ཞིང་ཆེན་ཡོངས་སུ་བསྡོམས་པས་སྡེ་བའི་ཉེན་རྟོག་པ་སྟོང་བཞི་དང་ལྔ་རྒྱ་གོ་དྲུག་བསྡུ་ལེན་བྱས་པ་དང་། དེས་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ཐད་ཀྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད་དེ། ཉེན་རྟོག་ཞབས་ཞུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་ཡོངས་སུ་ཁེབས་པར་བྱས།

ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཀླུ་འབུམ་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཉེན་རྟོག་པས་རོགས་བྱས་ནས་བདེ་སྐྱོང་སྐོར་ཞིབ་དང་བདེ་འཇགས་འགོག་བཅོས་དྲིལ་སྒྲོག་ཐེངས་ཁྲི་བཞི་དང་སྟོང་ལྔ་ལྷག་ལ་སྤེལ་བ་དང་། ཉེས་དོན་གྱོད་གཞི་སུམ་བརྒྱ་དང་ང་དྲུག་དང་། བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་གྱོད་གཞི་སྟོང་གསུམ་ལྷག་དང་རང་བྱུང་གནོད་འཚེ་དོན་རྐྱེན་བརྒྱ་དང་རེ་བདུན་ཡར་ཞུ་བྱས་པ་མ་ཟད། འགལ་རྩོད་ཁྲི་གཅིག་ལྷག་རོགས་བྱས་ནས་བར་འདུམ་བྱས་པ་དང་། དམངས་དོན་གྱོད་གཞི་དགུ་བཅུ་ཉེས་དོན་གྱོད་གཞི་རུ་འགྱུར་བར་སྔོན་འགོག་བྱས་ལ། དེ་དང་མཉམ་དུ་སྤྱི་བདེ་དང་འཕྲིན་བཅར། ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཁག་ལ་རོགས་འདོགས་བྱས་ནས་གྱོད་གཞི་སྟོང་གཅིག་བརྒྱད་བརྒྱ་དང་ཉེར་དྲུག་ལ་བརྟག་བཤེར་བྱས་པ་དང་། གྱོད་གཞི་སྟོང་གཅིག་ལྷག་ལ་ཚོད་འཛིན་བྱས། མངག་གཏོང་ལ་རོགས་བྱས་ཏེ་ཆ་འཕྲིན་ཁྲི་ལྔ་ལྷག་བསྡུ་རུབ་བྱས་ནས། སྤྱི་ཚོགས་བདེ་འགོད་བཅོས་སྐྱོང་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།