མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མདའ་བཞི་གྲོང་རྡལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་ཚིས་ཞབས་ཞུའི་བྱ་བའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས།
2017.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མདའ་བཞི་གྲོང་རྡལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་ཚིས་ཞབས་ཞུའི་རྣམ་པ་འཚོལ་ཞིབ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས་ཏེ་ཧུར་ཐག་གིས་ས་གནས་མང་ཚོགས་ལ་སྤུས་ཚད་བཟང་ཞིང་ཕན་ནུས་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།

མདའ་བཞི་གྲོང་རྡལ་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ ། མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང་བཅས་ཟུང་སྦྲེལ་བྱེད་པའི་རྣམ་པ་གསར་གཏོད་བྱས་པ་དང་སྡེ་བ་སོ་སོའི་མང་ཚོགས་སྐུལ་སློང་བྱས་ཏེ་ལྗོངས་ཁུལ་དང་ཟ་ཁང་། སྡོད་ཁང་། རོལ་རྩེད་སོགས་ལས་རིགས་འཕེལ་རྒྱས་བཏང་བ་དང་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་པར་མ་ཟད། ལས་བཟོ་བ་བསྡུ་ལེན་བྱེད་པའི་བྱེད་ཐབས་ཀྱིས་དབུལ་ཕོངས་ཁྱིམ་ཚང་སྐུལ་ཁྲིད་བྱས་ཏེ་ཡོང་འབབ་ཇེ་མཐོར་གཏོང་བ་མངོན་འགྱུར་བྱས་པ་དང་མཉམ་འབྲེལ་དྲ་བ་དང་ཞིང་སྡེའི་ཐོན་ཁུངས་ཟུང་འབྲེལ་བྱས་ཏེ་གློག་རྡུལ་ཚོང་དོན་སྟེགས་བུ་གཉིས་བཙུགས་པ་དང་། ད་ལོའི་དུས་ཚིགས་དང་པོའི་དྲ་ཐོག་གི་ཕྱིར་འཚོང་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་གསུམ་ལྷག་ལ་སླེབས།

མདའ་བཞི་གྲོང་རྡལ་གྱིས་སྡེ་བ་སོ་སོས་སྡེ་བ་གཅིག་ལ་ཐོན་རྫས་གཅིག་དང་སྡེ་བ་གཅིག་ལ་ཐོན་རྫས་སྣ་མང་ཡོད་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དང་སྐུལ་སློང་བྱས་པ་དང་། མིག་སྔའི་བར་ཚད་ལྡན་འཁོར་སྐྱོད་བྱེད་བཞིན་པའི་ཆེད་ལས་མཉམ་ལས་ཁང་བཅུ་བཞི་དང་ཁྱད་ལྡན་གསོ་སྤེལ་ཁང་ཞེ་བརྒྱད་ཡོད་ལ། ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་གཉིས་མདའ་བཞི་གྲོང་རྡལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་བཏང་སྟེ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་བྱེད་ཐབས་གསར་བ་ཞིག་ཏུ་གྱུར་ཡོད།