
འགོས་ནད་སྔོན་འགོག་ཤེས་བྱའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་མང་ཚོགས་ཀྱི་ནད་རིགས་སྔོན་འགོག་འདུ་ཤེས་དང་ནུས་པར་ཤུགས་སྣོན། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཆེད། ཟླ6པའི་ཚེས13ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱས་པའི་ཐུན་ཏེ་རྫོང་གི་འགོས་ནད་དྲིལ་སྒྲོག་སློབ་གསོ་དང་ཁྱབ་བཤེར་བྱ་བ་གཙོ་བོ་རྨ་བྱང་ཞང་ནས་དངོས་སུ་སྤེལ་འགོ་བརྩམས།
ཁྱབ་བཤེར་བྱ་བ་སྤེལ་བའི་ཉིན་དང་པོར། རྨ་བྱང་ཞང་འཕྲོད་བསྟེན་ཁང་བརྟག་དཔྱད་ས་ཚིགས་ཀྱིས་བསྡོམས་པས་མི་ཉིས་བརྒྱ་ང་དྲུག་ལ་ལུས་ཕུང་བརྟག་བཤེར་བྱས་པ་དང་། གཡུ་རྔོག་ས་ཁུལ་གྱི་བརྟག་དཔྱད་ས་ཚིགས་ཀྱིས་བསྡོམས་པས་མི་གྲངས་སུམ་བརྒྱ་ཞེ་ལྔ་ལ་བརྟག་བཤེར་བྱས་ཤིང་། ཡུལ་དངོས་ནས་རིགས་སོ་སོའི་སྨན་རྫས་དང་འགོས་ནད་དྲིལ་སྒྲོག སྔོན་འགོག་ལག་དེབ་སྟོང་གཉིས་དང་བདུན་བརྒྱ་བྱིན་པ་མ་ཟད། འཕྲེད་དར་སུམ་ཅུ་བཀལ་བ་དང་། འགྲེམ་པར་ཉི་ཤུ་བཀོད་སྒྲིག་བྱས།