མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་སྟེང་མཉམ་ལས་ལས་གཞི་སུམ་བརྒྱ་ལྷག་གིས་གྲོས་མཐུན་བཀོད།
2017.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཀྲུང་གོ་མཚོ་སྔོན་ཞིང་ཆེན་ལྗང་མདོག་འཕེལ་རྒྱས་དང་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་གྲུབ་འབྲས་ཁྱབ་བསྒྲགས་ལས་མངོན་པ་ལྟར་ན། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་སྟོང་གསུམ་ལྷག་ཚོང་གཏམ་གྲོས་ཚོགས་ལ་ཞུགས་ནས་ཚོང་གཏམ་སྦྲེལ་མཐུད་བྱས་པ་དང་། དངུལ་གཏོང་ངོ་སྤྲོད་ཚོང་གཏམ་བྱ་འགུལ་ཐེངས་སོ་དྲུག་སྤེལ་ལ། མཉམ་ལས་ལས་གཞི་སུམ་བརྒྱ་དང་ང་གསུམ་ཐད་ཀྱི་གྲོས་མཐུན་བཀོད་པ་དང་། མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ལྷག་ལས་བརྒལ།

མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ལྷག་གི་ལས་གཞི་དེ་ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ། དྲག་ཆས་བཟོ་སྐྲུན། རྫས་འགྱུར་བཟོ་ལས། ཞིང་ཕྱུགས་ལས། ཐོན་ལས་ཅན་སོགས་ཐོན་ལས་ཁྱབ་ཁོངས་མང་པོར་ཁེབས་ཡོད། ལས་གཞི་དེ་དག་གིས་ཞིང་ཆེན་ཡོངས་ཀྱི་ཞན་ཆ་ཁ་གསབ་དང་རྗེས་ཤུགས་ཁ་སྣོན་བྱེད་པ། མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོར་འདེགས་བྱེད་པའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཚོང་གཏམ་གྲོས་ཚོགས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། མཚོ་སྔོན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་འབེན་དུ་བྱས་པའི་གླེང་སྟེགས་དང་ལྕགས་རིགས་ལཱིས་ཐོན་ལས་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས། དམངས་དམག་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ་དང་མཐོ་སྒང་གི་བདེ་ཐང་གསོ་སྤེལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་སོགས་བྱ་འགུལ་སྣ་དྲུག་ཅུ་ལྷག་སྤེལ། བྱ་འགུལ་དེ་དག་གི་བརྗོད་དོན་ཐད་ནས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་། མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་གནད་དོན་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཐོན་ལས་གཙོ་བོ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ནུས་པ་གལ་ཆེན་འདོན་ཐུབ།