གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུན་ལོན་བྱུང་བ་ལྟར་ན། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་ཡིས་2017ལོའི་ཕྱུགས་བསྐྱུར་རྩྭ་གསོའི་བཟོ་སྐྲུན་འཛུགས་སྐྲུན་འགན་ཁུར་གཤམ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་དགུ་བརྩོན་ལེན་བྱས་ཏེ་རང་ཞིང་གི་ཕྱུགས་བསྐྱུར་རྩྭ་གསོའི་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཕྱུགས་བསྐྱུར་རྩྭ་གསོའི་འཛུགས་སྐྲུན་འགན་ཁུར་ལས་ར་སྐོར་མུའུ་བྱེ་བ་གཅིག་ས་ཡ་ལྔ་དང་། རྩྭ་ས་མུའུ་འབུམ་གཅིག་ལེགས་བཅོས། ལོ་མང་སྐྱེ་པའི་མིས་བཟོས་གཟན་རྩྭ་ཁུལ་མུའུ་ཁྲི་ལྔ། ས་ནག་ཐང་མུའུ་འབུམ་གཅིག་བཅོས་སྐྱོང་། རྩྭ་ངན་མུའུ་འབུམ་གཅིག་བཅོས་སྐྱོང་དང་ལུག་གསོ་ལྷས་ར་སྟོང་གསུམ་བཅས་འཛུགས་སྐྲུན་བྱས་པ་དང་། ཟླ་དྲུག་པའི་ཟླ་མགོར་བཟོ་སྐྲུན་འཛུགས་སྐྲུན་འགན་ཁུར་དང་དངུལ་གཏོང་འཆར་གཞི་ཚང་མ་ཁག་བགོས་ནས་རྫོང་སོ་སོར་གཤམ་བསྒྲགས་བྱས།
དེ་ལས་གཞན། ཕྱུགས་བསྐྱུར་རྩྭ་གསོའི་བཟོ་སྐྲུན་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་ཆེད། ད་ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་བཟོ་སྐྲུན་ལག་བསྟར་ཁྱབ་ཁོངས་ལ་ཚད་བཀག་མི་བྱེད་པར། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་བཟོ་སྐྲུན་འཆར་འགོད་ལ་གཞིགས་ནས་རང་བརྟེན་གཏན་འཁེལ་བྱས་ཆོག རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་དང་བྱ་དགའི་དངུལ་སྟེར་བའི་སྲིད་ཇུས་ཀྱི་ལག་བསྟར་ཁྱབ་ཁོངས་དང་གཅིག་མཚུངས་བྱེད་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་གི་རྫོང་གསུམ་དང་མཚོ་ཤར་གྱི་རྫོང་གསུམ། མཚོ་ནུབ་ཀྱི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་བཅས་བཟོ་སྐྲུན་ལག་བསྟར་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ནས་བསྡོམས་པས་རྫོང་ཞེ་གཅིག་དང་ཕྱུགས་ར་དྲུག་ལ་ཕྱུགས་བསྐྱུར་རྩྭ་གསོའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་ཡིན་པས། འདིས་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་ནུས་པ་སླར་གསོ་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ་པ་རེད།
མིག་སྔར། ས་ཁུལ་སོ་སོས་ལག་བསྟར་ཇུས་གཞི་དང་ལག་བསྟར་འཆར་གཞི་སྒྲིག་བཟོ་བྱས་ནས་ལས་གཞི་སྔ་མོ་ནས་འགོ་བརྩམ་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།