མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་བྱུང་བའི་ནད་པར་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་སྤེལ།
2017.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱིའི་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་འགན་སྒྲུབ་བྱས་པའི་ཐུམ་འབུའི་ནད་བྱུང་བའི་ནད་པར་རོགས་སྐྱོར་བྱེད་པའི་སྙིང་རྗེ་འགུལ་སྐྱོད་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས། འགུལ་སྐྱོད་སྐབས་སུ། ཐུམ་འབུའི་ནད་བྱུང་བའི་དབུལ་ཕོངས་ནད་པས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱས་པའི་སྨན་རིན་དེ། སྨན་བཅོས་འགན་སྲུང་དང་ནད་ལྕི་མོའི་རོགས་དངུལ། སྲིད་གཞུང་གི་ཐུམ་འབུའི་ནད་པར་སྨན་བཅོས་བྱེད་པའི་ཆེད་སྤྱོད་རོགས་དངུལ་བཅས་བརྒྱུད་དེ་རྩིས་བརྒྱབ་རྗེས། ནད་པ་རང་གིས་སྟེར་དགོས་པའི་སྒོར་ཁྲི་གཅིག་མན་གྱི་སྨན་རིན་ཡོངས་རྫོགས་སྙིང་རྗེ་འགུལ་སྐྱོད་ལས་གཞི་བརྒྱུད་དེ་སྟེར་རྒྱུ་རེད། དེ་དང་མཉམ་དུ། སྨན་ཁང་དུ་སྡོད་པའི་ནད་པ་རེ་རེར་ལུས་གསོ་འཚོ་བཅུད་དང་འགྲིམ་འགྲུལ་འགྲོ་སོང་ཐད་ནས་སྒོར་སྟོང་གཉིས་ཀྱིས་རོགས་སྐྱོར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ལོ་རེར་ཕན་བདེ་རྒྱན་ཤོག་སྤྱི་ཕན་དངུལ་ཁྲོད་ནས་སྒོར་ས་ཡ་གསུམ་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱིའི་ཚོགས་པ་དང་མཉམ་དུ་ཞིང་ཆེན་ཡོངས་ནས་དབུལ་ཕོངས་ཁྱིམ་ཚང་གི་ཐུམ་འབུའི་ནད་བྱུང་བའི་ནད་པར་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་སྤེལ་ནས། ནད་པའི་དཔལ་འབྱོར་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བ་དང་། འབྲོག་དམངས་ཀྱི་བདེ་ཐང་གནས་ཚུལ་ལེགས་བསྒྱུར་བྱས་ལ། འབྲོག་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་བཏང་། ཐེངས་འདིའི་འགུལ་སྐྱོད་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་དབུལ་ཕོངས་ཁྱིམ་ཚང་གི་ཐུམ་འབུའི་ནད་བྱུང་བའི་ནད་པར་སྨན་བཅོས་བརྟག་དཔྱད་བྱེད་པའི་རོགས་སྐྱོར་མ་དཔེ་བཙུགས་པ་དང་། སྨན་བཅོས་བརྟག་དཔྱད་སྤྱི་ཕན་ཞབས་ཞུ་སྤེལ་ནས། ནད་པར་རིན་མི་ལེན་པར་བརྟག་དཔྱད་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ནད་པར་གཤགས་བཅོས་བྱེད་སྐབས་ཞག་སྡོད་བྱས་པའི་སྨན་རིན་ཐད་ནས་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྨན་བཅོས་རོགས་སྐྱོར་སྤེལ།