བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་ར་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2017.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ6པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་དང་བོད་ལྗོངས་གཉིས་ཀྱི་བཟོ་ལས་ར་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲིག་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིས་མེན་གྱིས་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་ར་བའི་འཛུགས་སྐྲུན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཞིང་ལྗོངས་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོའི་སྐུལ་འདེད་འོག་དང་། ཞིང་ལྗོངས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོས་རོགས་འདེགས་བྱས་པར་བརྟེན་ནས་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་ར་བའི་བྱ་བ་སོ་སོའི་འཕེལ་རྒྱས་རྣམ་པ་ལེགས་པོ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ལྗོངས་གཉིས་ཀྱི་རིམ་པ་མང་བ་དང་ཁྱབ་རྒྱ་ཆེ་བའི་མཉམ་ལས་ཐད་རྨང་གཞི་བརྟན་པོ་བཏིངས། ཁོས་བསྟན་དོན། ཞིང་ལྗོངས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་བོད་ལྗོངས་གཉིས་ལ་བཏོན་པའི་རེ་བ་གལ་ཆེན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། མཉམ་ལས་གཏིང་ཟབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཚད་གཞི་ལྟར། སྐྱེ་ཁམས་སྲུང་སྐྱོབ་གཙོ་བོ་ཡིན་པའི་འདུ་ཤེས་དང་བདེ་འཇགས་ཐོན་སྐྱེད་ཀྱི་དམར་མཚམས་འདུ་ཤེས་ཆགས་པར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་གཏིང་ཟབ་དང་གཞོགས་འདེགས་དམ་ཟབ། བཟོ་ལས་ར་བའི་དོ་དམ་བྱེད་ཐབས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། ཚ་འདམ་གཞོང་གི་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟའི་ཁུལ་གྱི་འཕེལ་རྒྱས་རྨང་གཞིའི་རེ་བ་ལ་བརྩི་སྲུང་བྱེད་པ། མཉམ་དུ་ལས་གཞི་གཙོ་བོ་དངོས་འབེབས་བྱེད་པར་སྐུལ་སྤེལ་བྱས་ནས་བཟོ་ལས་ར་བའི་འཛུགས་སྐྲུན་འཕེལ་རྒྱས་གསར་སྐྲུན་གྱི་རྣམ་པ་གསར་བར་སྐུལ་འདེད་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།