ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ཏོག་གནོད་འབུ་ཆེད་ལས་ཅན་གྱི་སྒོ་ནས་སེལ་བ་དང་ལྗང་སྒྱུར་སྔོན་འགོག་ཚོད་འཛིན་ཡུལ་དངོས་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་གྱི་ལོ་ཏོག་ལྗང་སྒྱུར་སྔོན་འགོག་ཚོད་འཛིན་དཔེ་སྟོན་གྱི་རྫོང་ཁག་ནི། ཉིས་སྟོང་དྲུག་ལོའི་རྫོང་ཁག་གཉིས་ནས་ད་ལྟ་རྫོང་ཁག་བཅོ་ལྔར་འཕར་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ལོ་ཏོག་གཙོ་བོའི་ལྗང་སྒྱུར་སྔོན་འགོག་ཚོད་ལྟའི་རྒྱ་ཁྱོན་ནི་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་སོ་གསུམ་ཡན་ལ་སླེབས། ལྗང་སྒྱུར་སྔོན་འགོག་ཚོད་འཛིན་རྒྱ་ཁྱོན་བསྟུད་མུར་ཆེར་བསྐྱེད་པ་དང་བསྟུན་ནས། མཚོ་སྔོན་གྱི་ལྗང་སྒྱུར་མིང་གྲགས་ཐོན་རྫས་ལ་ཁས་ལེན་ཐོབ་ཚད་དང་། ཁྲོམ་རའི་འགྲན་རྩོད་ནུས་པར་རྒྱལ་ནང་གི་ཁྲོམ་ར་སོ་སོའི་བརྩི་མཐོང་བྱེད་ཡུལ་དུ་གྱུར།
ལྗང་སྒྱུར་སྔོན་འགོག་ཚོད་འཛིན་བྱ་བ་ནི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་དང་། མང་ཚོགས་བདེ་ཐང་དང་ཞིང་བའི་ཡོང་སྒོ་འཕར་སྣོན། ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་བཅས་དང་ཐད་ཀར་འབྲེལ་བའི་ལས་སྒོ་ཞིག་ཡིན། དུས་ཡུན་ལོ་ངོ་དུ་མའི་འཚོལ་དཔྱོད་དང་ལག་ལེན་བརྒྱུད་དེ། མཚོ་སྔོན་གྱི་སྐྱེ་དངོས་སྔོན་འགོག་གཙང་བཟོ་དང་རིམས་ནད་སྔོན་འགོག། ཚན་རིག་ལྟར་སྨན་བསྟེན་པ་སོགས་ལྗང་སྒྱུར་སྔོན་འགོག་ཚོད་འཛིན་སྐོར་གྱི་ལག་རྩལ་གཙོ་བོར་ལེགས་བཅོས་ཆེན་པོ་བྱུང་ནས། ལྗང་སྒྱུར་སྔོན་འགོག་ཚོད་འཛིན་ལག་རྩལ་རྣམ་པ་སྐོར་ཞིག་གྲུབ་པ་དང་། ཁྱད་པར་དུ་ལོག་དཀར་དང་སྔོ་ཚོད་ཐོན་ལས་ས་ཁུལ་དང་། འཕང་འབྲས་སོགས་ལོ་ཏོག་སྔོན་འགོག་ཕྱོགས་ནས་ཐོད་བརྒལ་ཆེན་པོ་བྱུང་།
གཞི་འཛིན་གྲངས་ཀ་ལྟར་ན། མཚོ་སྔོན་གྱི་ལོ་རེའི་ལོ་ཏོག་ལ་གནོད་འབུའི་གནོད་པ་ཐེབས་ཚད་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཅིག་དང་ཁྲི་བདུན་ཡོད་ཅིང་། དེའི་ཁྲོད་དུ། སྔོན་འགོག་བཅོས་སྐྱོང་གི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཅིག་ཡོད། ཆེད་ལས་ཅན་གྱི་སྡེབ་འགོག་སྡེབ་བཅོས་དང་ལྗང་སྒྱུར་སྔོན་འགོག་ཚོད་འཛིན་མཉམ་བསྲེས་ངང་ཡར་སྐུལ་བྱེད་སའི་དཔེ་སྟོན་རྒྱ་ཁྱོན་ལ་སྤྱི་ཆིང་སྟོང་དྲུག་དང་དྲུག་བརྒྱ་རེ་དྲུག་ལྷག་ཡོད། ཆེད་ལས་ཅན་གྱི་སྡེབ་འགོག་སྡེབ་བཅོས་ཕྱོགས་བསྡུས་ཕན་འབྲས་ལོན་ཚད་བརྒྱ་ཆའི་དགུ་བཅུ་ཡན་ལ་སླེབས་པ་དང་། གནོད་འབུའི་གནོད་པ་ཚོད་འཛིན་བྱེད་ཚད་བརྒྱ་ཆའི་ལྔའི་མན་ལ་སླེབས། སྨན་བཀོལ་ཐེངས་གཉིས་ཇེ་ཉུང་དུ་བཏང་ཡོད་པར་མ་ཟད། འབག་བཙོག་ཇེ་ཉུང་དུ་བཏང་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཡོད།