མཚོ་སྔོན་ཞིང་ཆེན་གྱི་སྐད་གཉིས་འཆམ་མཐུན་ཚོད་ལྟ་བྱེད་སའི་བྱ་བར་ཁས་ལེན་ཐོབ།
2017.06.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཉེ་ཆར། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་ཡི་མཉམ་འབྲེལ་རྟོག་ཞིབ་ཚོགས་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧྲ་ལིག་ཧིག་གྲོང་རྡལ་དུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱིས་མཚམས་སྦྱོར་བྱས་པའི་སྐོར་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་སྐད་གཉིས་འཆམ་མཐུན་ཞིང་སྡེ་འཛུགས་སྐྲུན་བྱ་བའི་འདེམས་སྒུག་ལས་ཁུངས་ལ་རྟོག་ཞིབ་བྱས།

རྟོག་ཞིབ་སྐབས་སུ། རྟོག་ཞིབ་ཚོགས་ཆུང་གིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མི་རིགས་ཆོས་ལུགས་སྡེ་ཁག་དང་རྐང་ཚ་རྫོང་སློབ་གསོ་ཅུའུ། ཧྲ་ལིག་ཧིག་གྲོང་རྡལ་བཅས་ཀྱིས་སྐད་གཉིས་ཚོད་ལྟ་བྱེད་སའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད། སྐད་གཉིས་ཚོད་ལྟ་བྱེད་སའི་བྱ་བའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐད་ནས་བཞུགས་མོལ་དང་བརྗེ་རེས་བྱས། དེ་དང་མཉམ་དུ། སྐད་གཉིས་འཆམ་མཐུན་ཚོད་ལྟ་བྱེད་སའི་ལས་ཁུངས་ཏེ་ཧྲ་ལིག་ཧིག་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭ་དང་མཁར་བྱང་སྡོད་ཁུལ་སོགས་ལས་ཁུངས་ལ་ཡུལ་དངོས་རྟོག་ཞིབ་བྱས། རྟོག་ཞིབ་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐད་གཉིས་འཆམ་མཐུན་ཞིང་སྡེ་ཚོད་ལྟ་བྱེད་སའི་འཛུགས་སྐྲུན་བྱ་བར་ཁས་ལེན་གང་ལེགས་བྱས་ལ། སྐད་གཉིས་འཆམ་མཐུན་ཚོད་ལྟ་བྱེད་སའི་བྱ་བས་སྐད་གཉིས་སློབ་སྦྱོང་དེ་མང་ཚོགས་ཁྲོད་འདྲེས་པར་བྱེད་པ་དང་མང་ཚོགས་ལ་ཞབས་ཞུ་བྱེད་པ། མང་ཚོགས་དྲིལ་སྒྲོག་བྱེད་པ། མང་ཚོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་པ་བཀོལ་སྤྱོད་བྱེད་པ་དང་སྦྱངས་པ་གོ་ཆོད་པ། བཀོལ་བ་ལས་སློབ་པར་སྐུལ་བ། མུ་མཐུད་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་སྐད་གཉིས་འཆམ་མཐུན་ཞང་སྡེ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

སྐད་གཉིས་འཆམ་མཐུན་ཚོད་ལྟ་བྱེད་སའི་འཛུགས་སྐྲུན་བྱ་བ་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་ཀྱི་མི་རིགས་བྱ་བའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ཇེ་མང་དུ་གཏོང་བའི་གསོན་ལྡན་མཚོན་བྱེད་དང་། མི་རིགས་སོ་སོའི་བར་གྱི་གོང་བུར་འགྲིལ་ཤུགས་ཇེ་ཆེར་གཏོང་བའི་བྱེད་ཐབས་གཙོ་བོའང་ཡིན་པས། བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་སྐད་གཉིས་འཆམ་མཐུན་ཞིང་སྡེའི་ཚོད་ལྟ་བྱེད་སའི་འཛུགས་སྐྲུན་བྱ་བར་ཚད་མཐོན་པོའི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་གནང་། ཐེངས་འདིའི་རྟོག་ཞིབ་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་སྐད་གཉིས་འཆམ་མཐུན་ཚོད་ལྟ་བྱ་བར་མུ་མཐུད་དུ་འཚོལ་ཞིབ་དང་སྐུལ་སྤེལ་བྱས་ཏེ་མི་རིགས་སོ་སོའི་བར་ཕན་ཚུན་གྱི་སྐད་རིགས་དང་ཡི་གེ་སློབ་སྦྱོང་དང་། རིག་གནས་ཤེས་བྱར་སློབ་སྦྱོང་བྱེད་པའི་ཁ་དབུགས་ལེགས་པོ་ཆགས་པར་བྱས་ནས་སྐད་རིགས་མཐུན་པ་ལས་བརྩེ་འདང་ཡོད་པ་དང་སེམས་པ་གཅིག་མཐུན་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་པར་བྱས།