མཚོ་སྔོན་གྱིས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་ཕུལ་བའི་མཇུག་འབྲས་ཟླ་བདུན་པའི་ཚེས་བདུན་ཉིན་ནས་ཚེས་དགུ་བར་བསྒྲག་རྒྱུ་རེད།
2017.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

 འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་ཞེ་གཅིག་པ་ཟླ་བདུན་པའི་ཚེས་གཉིས་ཉིན་ནས་བཟུང་ཕོ་ལན་རྒྱལ་ཁབ་ཀྱི་ཁི་ལཱ་ཁོ་ཧྥུའུ་ནས་ཚོགས་པ་དང་། ཚེས་བཅུ་གཉིས་ཉིན་གྲོལ་རྒྱུ་རེད། ཤུལ་བཞག་ཚོགས་ཆེན་གྱི་གྲོས་རིམ་ལྟར་ན། མཚོ་སྔོན་གྱིས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་ཕུལ་བའི་མཇུག་འབྲས་ཟླ་བདུན་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་བསྒྲག་རྒྱུ་རེད། གལ་ཏེ་བརྡས་ཐག་བཅད་དེ་དོན་དག་དེར་གྲོས་འཆམ་བྱུང་ན། ཨ་ཆེན་གངས་རྒྱབ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དུ་འགྱུར་རྒྱུ་ཡིན་ལ། མཚོ་སྔོན་དུ་འཛམ་གླིང་ཤུལ་བཞག་མེད་པའི་ལོ་རྒྱུས་མཇུག་རྫོགས་པར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་འཐུས་ཚབ་ཚོགས་པ་གཉིས་བཙུགས་ཏེ་ཕོ་ལན་རྒྱལ་ཁབ་ཏུ་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་ཞེ་གཅིག་པ་དང་། མཚོ་སྔོན་གྱིས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་ཕུལ་བར་བརྡས་ཐག་གཅོད་པའི་བྱ་འགུལ་ལ་ཞུགས་ནས། འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འཐུས་ཚབ་ཀྱིས་འདྲི་སྲིད་པའི་དྲི་བར་ལན་འདེབས་རྒྱུ་རེད།

རང་རྒྱལ་གྱི་སྔོན་ཆད་ཀྱི་རང་བྱུང་ཤུལ་བཞག་མང་ཆེ་ཤོས་ནི་ཧ་ཅང་ཆུང་ཡོད། ད་ལྟ་མཚོ་སྔོན་གྱིས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་ཕུལ་ཡོད་ལ། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པས། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དུ་འགྱུར་སྲིད། དེ་ནི་ཀྲུང་གོའི་དཀྱིལ་སྙིང་ཁུལ་དུ་ཆེས་འགྲོ་དཀའ་བའི་འཛམ་གླིང་གི་ཤུལ་བཞག་ཡིན་སྲིད་དེ། སྲིད་གཞུང་གིས་རང་བྱུང་སྲུང་སྐྱོབ་ཁུལ་དུ་འགྲོ་བར་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་ལ། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་འབུལ་བའི་གཞི་རྩའི་དམིགས་ཡུལ་ནི་སྲུང་སྐྱོབ་ཀྱི་ཆེད་དུ་རེད་ཅེས་བཤད་ཆོག

མིག་སྔར་ཀྲུང་གོ་རུ་འཛམ་གླིང་ཤུལ་བཞག་ལྔ་བཅུ་ཡོད་པ་དང་འཛམ་གླིང་གི་ཨང་གཉིས་པ་ཡིན། དབྱི་ཐ་ལི་རུ་འཛམ་གླིང་ཤུལ་བཞག་ལྔ་བཅུ་ང་གཅིག་ཡོད་པ་དང་ཨང་དང་པོ་ཡིན། རྒྱལ་ཁབ་འདི་གཉིས་ཀྱིས་ད་ལོར་ཤུལ་བཞག་ཁུལ་གཉིས་རེ་སྙན་ཞུར་ཕུལ་ན་ཡང་། དབྱི་ཐ་ལིའི་ཤུལ་བཞག་གཅིག་ལ་དབང་ཤུགས་ལས་ཁུངས་ཀྱི་འོས་སྦྱོར་ཐོབ་མེད་པས། འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱི་རྗེས་སུ་ཀྲུང་གོ་དང་དབྱི་ཐ་ལི་གཉི་གར་འཛམ་གླིང་ཤུལས་བཞག་ལྔ་བཅུ་ང་གཉིས་རེ་ཡོད་པར་གྱུར་ནས་འཛམ་གླིང་སྟེང་ཤུལ་བཞག་ཁུལ་ཆེས་མང་བའི་རྒྱལ་ཁབ་གཉིས་སུ་འགྱུར་སྲིད།